འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱས་ནས་གོ་ལ་
    ཧྲིལ་པོ་ཕན་ཚུན་འབྲེལ་མཐུད་ཡོང་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་10ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱི་དྲུང་ཆེ་ལིའུ་ཧྥང་གིས་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་ཆེས་མཐོ་རིམ་གྱི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་དང་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འདོད་ཚུལ་ཐོག་མཐའ་བར་གསུམ་དུ་འཛིན་གྱི་ཡོད་པས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱི་དམིགས་ཡུལ་དང་གཅིག་མཐུན་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དང་ཡང་གཅིག་མཐུན་ཡིན་པས་ཁོང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་ཤུགས་ཆེན་བྱེད་འདོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་དམིགས་སྒྲིག་གཞི་ཞིག་ཡིན། 2015ལོའི་ཟླ་8ཚེས་1ཉིན་ལིའུ་ཧྥང་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱི་དྲུང་ཆེར་བདམས་པ་དང་ལས་འགན་ཁུར་ཡུན་ལོ་3ཡིན་ཞིང་། ཁོང་ནི་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱི་ལོ་རྒྱུས་ཐོག་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་དྲུང་ཆེ་དང་པོ་དེ་ཡིན་ལ། བུད་མེད་ཀྱི་དྲུང་ཆེ་དང་པོ་དེའང་རེད།
         ཉེ་ཆར་ལིའུ་ཧྥང་གིས་ཁ་ན་ཏའི་གྲོང་ཁྱེར་མོང་ཐེ་ལིར་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་སྤྱི་ཁྱབ་པུའུ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གིས་ཞི་བདེ་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་མིག་དཔེ་བཅས་དར་སྤེལ་གཏོང་རྒྱུར་གཞོལ་ནས་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་དང་ཀྲུང་གོ“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་དེ་བཞིན་ས་ཁུལ་དབར་མཉམ་ལས་བྱ་རྒྱུར་དེ་བས་རྒྱ་ཆེ་བའི་བར་མཐོངས་ཤིག་བཏོད་ཡོད་ཅེས་བརྗོད། ཁོང་གིས“རྒྱལ་སྤྱིའི་དམངས་སྤྱོད་མཁའ་གྲུལ་རྩ་འཛུགས་ཀྱིས་གྲོས་འགོ་དེ་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་དབར་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཕན་ཚུན་འབྲེལ་མཐུད་དང་དཔལ་འབྱོར་དང་རིག་གནས་སྤེལ་རེས་དེ་བས་མང་བ་བརྒྱུད་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཐུབ་རྒྱུའི་རེ་བ་ཡོད་ཅེས”བརྗོད།
         ཁོང་གིས“རྒྱུད་གཅིག་ལམ་གཅིག”གི་དམིགས་ཚད་འོག་ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས“རྒྱུད་གཅིག་ལམ་གཅིག”ནང་ཞུགས་མཁན་རྒྱལ་ཁབ་ཡོངས་ཀྱི་མཁའ་འགྲུལ་སྐྱེལ་འདྲེན་གྱི་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་དབར་གྱི་ཉོ་ཚོང་ལ་སྐུལ་འདེད་གཏོང་བ་དང་འབྲེལ་རྒྱུན་སྲིང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་ཐད་དེ་བས་ནུས་ལྡན་ངང་དོ་སྙོམས་ཡོང་བ་བྱེད་དགོས་ཞེས་བརྗོད།
         ཀྲུང་གོ་སྲིད་གཞུང་གི་གདན་ཞུས་ལྟར་ལིའུ་ཧྥང་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་དབུ་ཚོགས་གླེང་སྟེགས་ནང་ཞུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།