འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཨ་རི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་རྒྱུའི་
    ཐད་རེ་བ་ཡོད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་10ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཨ་རིས་ཆ་རྐྱེན་འཛོམས་ཚེ་ཁྲའོ་ཞན་དང་གྲོས་མོལ་བྱེད་འདོད་ཡོད་ཅེས་པའི་གནས་ཚུལ་སྤེལ་བར་དམིགས་ནས། ཚེས་8ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཨ་རི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཞི་བའི་ངང་ཐག་གཅོད་བྱ་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རེ་བ་བྱེད་ཀྱི་ཡོད་ལ་སྐུལ་འདེད་ཀྱང་གཏོང་གི་ཡོད། ཨ་རི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ཏེ་ཐུན་མོང་གི་ངོས་འཛིན་རིམ་བཞིན་འཚོལ་ཞིབ་བྱེད་པ་དང་ཕན་ཚུན་ཡིད་ཆེད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཉེ་ཆར་ཨ་རིའི་རྒྱལ་དོན་བློན་ཆེན་ཏི་ལེ་སེན་གྱིས་ཨ་རིས་ཧན་གོ་དང་། རི་པིན། ཀྲུང་གོ ཨུ་རུ་སུ་བཅས་དང་མཉམ་དུ་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་རྒྱུའི་ཐུན་མོང་གི་དམིགས་ཚད་གཏན་འཁེལ་ཁ་གསལ་བཏོན་ཡོད། ཨ་རིས་ཁྲའོ་ཞན་གྱི་སྲིད་དབང་བརྗེ་པོ་རྒྱག་རྒྱུ་དང་། ཁྲའོ་ཞན་གྱི་སྲིད་དབང་རྩ་གཏོར་གཏོང་རྒྱུ། ལྷོ་བྱང་གཅིག་གྱུར་གང་མགྱོགས་ཡོང་རྒྱུ། “འཕྲེད་ཐིག་སོ་བརྒྱད་པ”བརྒལ་ཕྱིར་ཁ་གཡར་ས་འཚོལ་བ་བཅས་ཀྱི་རེ་བ་བྱེད་ཀྱི་མེད། ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆ་མེད་པ་བཟོས་ན་གཞི་ནས་བདེ་འཇགས་དང་དར་རྒྱས་ཡོང་སྲིད་པ་ཤེས་སུ་འཇུག་ཆེད་ཡིན། ཨ་རིས་ཆ་རྐྱེན་འཛོམས་པའི་སྐབས་སུ་ཁྲའོ་ཞན་དང་གྲོས་མོལ་བྱེད་འདོད་ཡོད་ལ་གྲ་སྒྲིག་ཀྱང་བྱས་ཟིན། འོན་ཀྱང་གྲོས་མོལ་གྱི་ཆེད་དུ་གྲོས་མོལ་བྱ་རྒྱུ་མིན་ཞེས་བཤད། ཨ་རི་ཕྱོགས་ཀྱི་གོང་གསལ་གྱི་རྣམ་འགྱུར་སྟོན་སྟངས་དེར་ཀྲུང་གོ་ཕྱོགས་ཀྱིས་ལན་གང་ཞིག་རྒྱག་རྩིས་ཡོད་དམ་ཞེས་དྲིས།
         ཀེང་ཧྲོང་གིས“རྒྱལ་དོན་བློན་ཆེན་ཏི་ལེ་སེན་གྱི་འབྲེལ་ཡོད་རྣམ་འགྱུར་སྟོན་སྟངས་དང་དེ་བཞིན་ཁོང་གིས་ངོ་སྤྲོད་གནང་བའི‘མི་བྱེད་པ་བཞི’ཡི་རྩ་དོན་དང་ཨ་རི་ཕྱོགས་ཀྱིས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་རྒྱུའི་ཐད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུའི་ཆོད་སེམས་དེ་ང་ཚོར་དོ་སྣང་བྱུང” ཨ་རི་ཕྱོགས་ཀྱིས་མིག་སྔའི་དུས་བབ་འོག་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱེད་པའི་བརྡ་རྟགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པས། འབྲེལ་ཡོད་ཕྱོགས་ཁག་གིས་དོ་སྣང་ནན་ཏན་བྱེད་རིན་ཡོད་ཅེས་གསུངས།
         ཀེང་ཧྲོང་གིས“ཨ་རིས་གོང་གསལ་གྱི་རྣམ་འགྱུར་སྟོན་པའི་རྨང་གཞིའི་ཐོག་ཁྲའོ་ཞན་ཕྱོགས་དང་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་ངོས་འཛིན་རིམ་བཞིན་འཚོལ་ཞིབ་བྱེད་པ་དང་ཕུན་ཚུན་ཡིད་ཆེས་བྱ་རྒྱུར་ང་ཚོས་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་ཨ་རི་ཚུད་པའི་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་བའི་གནད་དོན་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་མུ་མཐུད་འབད་བརྩོན་བྱེད་འདོད་ཡོད”ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།