འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་གྲུ་ཁ་600ལ་མི་འགྲོ་སའི་ཟམ་པ་བརྒྱབ་ནས་མི་ཁྲི་200ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར། སི་ཁྲོན་གྱི་འགྲིམ་འགྲུལ་གནད་སྨིན་དབུལ་སྐྱོར་གྱི་གཙོ་གནད་རྣམ་གྲངས་ཡིན་པའི“གྲུ་ཁར་མི་འགྲོ་སའི་ཟམ་པ་རྒྱག་པའི”ལས་གྲྭར་ཚད་བརྒལ་རང་བཞིན་གྱི་ཕན་འབྲས་ཐོན་ནས་2017ལོའི་ཟླ་བ་གསུམ་པའི་ཟླ་མཇུག་བར་ཟམ་པ་600བརྒྱབ་ཚར་ནས་མང་ཚོགས་ཁྲི་200ལ་ཕན་པ་ཐོབ་ཡོད།
         སི་ཁྲོན་ཞིང་ཆེན་དུ་མཚེའུ་དང་གཙང་པོ་མང་བས་ཡུན་རིང་ནང་གྲུ་ཡིས་མི་སེར་ལ་སྟབས་བདེ་བསྐྲུན་ཡོད་ཀྱང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ངེས་ཅན་ལྡན་པ་དང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་ཡོད། གཙང་འགྲམ་གྱི་མི་སེར་ལ་དེ་བས་བདེ་འཇགས་དང་སྟབས་བདེ་བའི་འགྲིམ་འགྲུལ་ཆ་རྐྱེན་བཏོད་ནས་དབུལ་སྒྲོལ་འགག་སྒྲོལ་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད། 2010ལོ་ནས་བཟུང་སི་ཁྲོན་གྱིས་གྲུ་ཁར་མི་འགྲོ་སའི་ཟམ་པ་ཧུར་ཐག་བརྒྱབ་སྟེ་ཁག་དང་པོར་རྒྱག་འགོ་ཚུཌ་པའི་གྲུ་ཁ་675ལ་མི་འགྲོ་སའི་ཟམ་པ་རྒྱག་པའི་ལས་གྲྭ་ནས་ཟམ་པ་600ལས་མཇུག་འགྲིལ་བ་དང་། ཟམ་པ་65རྒྱག་བཞིན་ཡོད་པ། ཟམ་པ་10ལས་འགོ་འཛུགས་རྒྱུ་ཡིན་པས། སྔོན་དཔག་བྱས་ན་ལོ་འདིའི་ནང་ཚང་མ་བསྐྲུན་ཐུབ་པ་བྱ་རྒྱུ་རེད།
         ན་ནིང་། སི་ཁྲོན་གྱིས་《2016ལོ་ནས་2020ལོ་བར་གྲུ་ཁར་ཟམ་པ་རྒྱག་པའི་ཇུས་གཞི་》བཏོན་ནས་གྲུ་ཁར་མི་འགྲོ་སའི་ཟམ་པ་རྒྱག་པའི་དུས་ཚོད་དང་། འཛུགས་སྐྲུན་གཞི་ཁྱོན། འཛུགས་སྐྲུན་ཚད་གཞི། མ་འཇོག་གྲུབ་ཆ། ཁ་གསབ་ཚད་གཞི་སོགས་དོན་ཚན་གལ་ཆེན་སྔར་བས་གཏན་འཁེལ་བྱས་ནས་གྲུ་ཁར་ཟམ་པ་རྒྱག་ཤུགས་དང་འཕེལ་རིམ་ཁྱོན་ཡོངས་ནས་མགྱོགས་སུ་བཏང་ཡོད། 2020ལོར་སླེབས་སྐབས་ཁྱོན་མ་དངུལ་སྒོར་དུང་ཕྱུར་97བཏང་ནས་གྲུ་ཁ་223ལ་གཞུང་ལམ་ཟམ་པ་རྒྱག་པ་དང་གྲུ་ཁ་134ལ་མི་འགྲོ་སའི་ཟམ་པ་རྒྱག་པའི་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་དང་ལོར་ཆ་སྙོམས་གྲུ་ཡིས་འདྲེན་ཚད་ཁྲི་5ནས་ཁྲི་10བར་དང་དེ་བཞིན་མི་ཐེངས་ཁྲི་10ཡན་གྱི་གྲུ་དང་གྲུ་ཁ་རིགས་དང་པོ་དང་གཉིས་པ་མེད་པ་བཟོ་རྒྱུ་རེད། སྐབས་དེ་དུས་ཕན་པ་ཐོབ་པའི་མང་ཚོགས་ཁྲི་800ཙམ་ཟིན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།