འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་རྒྱལ་ཡོངས་ཀྱིས་དམིགས་བསལ་ལས་གནས་ཐོག་དགེ་རྒན་ཁྲི་8ཙམ་
    བསྡུ་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་སློབ་གསོ་པུའུ་གཞུང་དོན་ཐིང་དང་ནོར་སྲིད་པུའུ་གཞུང་དོན་ཐིང་གིས་2017ལོའི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་དགེ་རྒན་གྱི་དམིགས་བསལ་ལས་གནས་འཆར་གཞི་ལག་བསྟར་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་ཀྲུང་དབྱང་གི་དམིགས་བསལ་ལས་གནས་ཀྱི་འཆར་གཞི་ལག་བསྟར་བྱེད་ཁོངས་དེ་སྤྱིར་ན་2016ལོ་དང་གཅིག་མཚུངས་ཡིན་ཞིང་། ཞིབ་ཕྲ་འདི་ལྟ་སྟེ། 《ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་རྩ་གནད(2011ལོ་ནས་2020ལོ་བར་)》ནང་གཏན་འཁེལ་བྱས་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་། ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དང་ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་བཞིའི་ཀྲོའུ་དང་རྫོང་། རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་ཀའི་གཙོ་གནད་རྫོང་། ཞིང་ཆེན་རིམ་པའི་དབུལ་སྐྱོར་གསར་སྤེལ་ལས་ཀའི་གཙོ་གནད་རྫོང་། ནུབ་རྒྱུད་ས་ཁུལ་གྱི“གཞི་རྩའི་ཆ་གཉིས”ཀྱི་དེ་སྔའི་འགག་སྒྲོལ་རྫོང(ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཐོན་དང་ཞིང་ར་ཁག་གཅིག་ཚུད་)རྒྱལ་ཁབ་ཀྱི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཆར་གཞིའི་ནང་བཅུག་པའི་དབུས་རྒྱུད་ཞིང་ཆེན་ཁ་ཤས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཀྲོའུ་དང་དེ་བཞིན་ནུབ་རྒྱུད་ས་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མཐའ་མཚམས་རྫོང་ཁག་གཅིག གྲངས་ཉུང་མི་རིགས་རང་སྐྱོང་རྫོང་དང་མི་འབོར་ཉུང་བའི་མི་རིགས་རྫོང་བཅས་ཡིན། དམིགས་བསལ་ལས་གནས་ཀྱི་འཆར་གཞིའི་ནང་རྫོང(གྲོང་ཁྱེར་)དུ་ལས་གནས་བཀོད་སྒྲིག་བྱས་ན་ངེས་པར་དུ་དགེ་རྒན་སྤྱིའི་ཆ་ནས་ཁ་ཐང་བ་དང་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་མངོན་གསལ་དོད་པའི་རྫོང(གྲོང་ཁྱེར་)ཡིན་དགོས་ལུགས་འཁོད་ཡོད།
         2017ལོར་རྒྱལ་ཡོངས་ཀྱིས་དམིགས་བསལ་ལས་གནས་ཐོག་དགེ་རྒན་ཁྲི་8ཙམ་བསྡུ་རྩིས་ཡོད་ཅིང་། ལས་ཀའི་གཙོ་གནད་ནི་གྲོང་གསེབ་ཀྱི་སློབ་གྲྭར་དགེ་རྒན་ཁ་གསབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་ཀའི་གཙོ་གནད་རྫོང་གི་གྲོང་ཚོའི་སློབ་ཆུང་དང་སློབ་ཁྲིད་ས་ཚིགས་ལ་དགེ་རྒན་ཁ་གསབ་བྱེད་པའི་དགོས་མཁོ་སྔོན་ལ་སྐོང་བ་ལས་རྫོང་གྲོང་གི་སློབ་གྲྭའི་དམིགས་བསལ་ལས་གནས་ཐོག་དགེ་རྒན་གསར་པ་ཁ་གསབ་བྱ་རྒྱུ་མིན་པ་དང་།
         དགེ་རྒན་དཔུང་ཁག་གི་གྲུབ་ཆ་སྔར་བས་ལེགས་སུ་བཏང་སྟེ། ལུས་རྩལ་དང་གླུ་གཞས་མཛེས་རིས་གསུམ་དང་། ཕྱི་རྒྱལ་གྱི་སྐད་ཡིག ཆ་འཕྲིན་ལག་རྩལ་སོགས་ཀྱི་དཀོན་ལ་ཉམས་ཞན་ཡིན་པའི་རིག་ཚན་གྱི་དགེ་རྒན་ཁ་གསབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཡུལ་དེའི་སློབ་ཐོན་སློབ་མར་གཟིགས་སྐྱོང་བྱ་རྒྱུ་བཅས་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་ནོར་སྲིད་ཀྱིས་དམིགས་བསལ་ལས་གནས་ཐོག་གི་དགེ་རྒན་ལ་མུ་མཐུད་གླ་ཕོགས་ཐད་ནས་ཁ་གསབ་བྱ་རྒྱུ་ཡིན་པ་རེད། སློབ་གསོ་པུའུ་དང་ནོར་སྲིད་པུས་ས་གནས་ཁག་གི་2017ལོའི་ལས་གནས་བཀོད་སྒྲིག་འཆར་གཞི་དང་སྐབས་གོང་མའི་དམིགས་བསལ་ལས་གནས་ཐོག་གི་དགེ་རྒན་གྱི་མི་གྲངས་གཞིར་བཟུང་ཁོང་ཚོར་2017ལོའི་དམིགས་བསལ་ལས་གནས་འཆར་གཞིའི་ཀྲུང་དབྱང་གི་ཁ་གསབ་གྲོན་དངུལ་སྤྲོད་རྒྱུ་དང་། 2018ལོར་2017ལོ་འཁོར་གྱི་ལས་གནས་ཐོག་དངོས་སུ་ཡོད་པའི་དགེ་རྒན་གྱི་མི་གྲངས་གཞིར་བཟུང་རྩིས་རྒྱག་རྒྱུ་ཡིན་པ་རེད། བརྡ་ཐོ་ལྟར་ན། དམིགས་བསལ་ལས་གནས་ཐོག་གི་དགེ་རྒན་ལ་གླ་ཕོགས་དང་ཁ་གསབ་སྤྲོད་རྒྱུ་དང་དེ་བཞིན་ལས་ཤག་བཀོད་སྒྲིག་སོགས་ཀྱི་ལས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ་དགེ་རྒན་གྱི་ལས་ཀ་དང་འཚོ་བའི་ནང་གི་དཀའ་ངལ་ཡག་པོ་བསལ་ནས་དམིགས་བསལ་ལས་གནས་ཐོག་གི་དགེ་རྒན་གྱི་གླ་ཆའི་ཐོབ་ཐང་དང་། སྤྱི་ཚོགས་འགན་སྲུང་། གོ་མིང་དཔྱད་འདེམས། སྔོན་ཐོན་དང་ཕུལ་བྱུང་དཔྱད་འདེམས། ལོ་འཁོར་གྱི་དཔྱད་ཞིབ་སོགས་ཡུལ་དེའི་གཞུང་བཙུགས་སློབ་གྲྭའི་དགེ་རྒན་དང་གཅིག་མཚུངས་ཡོང་བ་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་བྱ་ཐབས་ཏན་ཏིག་སྤྱད་དེ་ལོ་གསུམ་གྱི་ཞབས་ཞུའི་དུས་ཡུན་ཐིམ་པ་དང་དཔྱད་ཞིབ་ཚད་ལོན་པ་མ་ཟད། དེ་གར་མུ་མཐུད་དགེ་རྒན་བྱེད་འདོད་ཡོད་པའི་དམིགས་བསལ་ལས་གནས་ཐོག་གི་དགེ་རྒན་ཚང་མ་སྒྲིག་ཁོངས་སུ་བཅུག་སྟེ་ལས་གནས་བཀོད་སྒྲིག་ཡག་པོ་བྱས་ནས་མི་དོན་དང་གླ་ཆའི་འབྲེལ་བ་སོགས་རྩིས་སྤྲོད་རྩིས་ལེན་ལས་ཀ་ཡག་པོ་བསྒྲུབ་རྒྱུ་ཡིན་པའི་ཁར། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཞབས་ཞུའི་དུས་ཡུན་ཐིམ་པའི་དམིགས་བསལ་ལས་གནས་ཐོག་གི་དགེ་རྒན་ཏང་སྲིད་ལས་ཁུངས་ཀྱི་གཞུང་ལས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་སོགས་ལ་མིང་ཐོ་འགོད་སྐབས་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།