འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་མཐོ་རིམ་དཔོན་ཞིག་གིས་དྲག་ཤུགས་ཕུད་པའི་བྱེད་ཐབས་ཡོད་དོ་ཅོག་ལ་བརྟེན་
    ནས་ཁྲའོ་ཞན་ཕྱེད་གླིང་གི་དཀའ་རྙོག་སེལ་རྒྱུ་དུས་ལ་བབས་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་མའེ་ཁེ་མཱ་སི་ཐེས་ཁྲའོ་ཞན་ཕྱེད་གླིང་གི་དཀའ་རྙོག་སེལ་བའི་ཐད་ཨ་རིས“གདམ་ག་ཚང་མ”སོར་འཇོག་བྱས་ཡོད་ཅེས་བརྗོད་པ་དང་ཆབས་ཅིག་ཁོང་གིས་ད་ཆ་དྲག་ཤུགས་ཕུད་པའི་བྱེད་ཐབས་ཡོད་དོ་ཅོག་ལ་བརྟེན་ནས་ཞི་བའི་ངང་དཀའ་རྙོག་དེ་སེལ་རྒྱུ་དུས་ལ་བབས་ཡོད་ཅེས་ནན་བཤད་བྱས་པ་རེད།
         ཉིན་དེར་མའེ་ཁེ་མཱ་སི་ཐེས་ཨ་རིའི་རླུང་འཕྲིན་ཀུང་སིའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་ཁྲའོ་ཞན་གྱིས་འཕུར་མདེལ་འཕེན་པའི་ཚོད་ལྟ་གསར་པ་བྱས་པ་ནི“དུས་བབ་བརྟན་ལྷིང་ལ་གཏོར་བཤིག་བཏང་བའི་འཁྲུག་རྐྱེན་སློང་བའི་བྱེད་སྤྱོད”ཅིག་རེད་ཅེས་རྒོལ་གཏམ་བཏང་བ་དང་སྦྲགས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱིས་ཨ་རིའི་རྒྱལ་སྲུང་པུའུ་དང་། རྒྱལ་དོན་ཁང་། གསང་འཕྲིན་ལས་ཁུངས་བསྡུ་སྒྲིལ་བྱས་ནས་ཁྲའོ་ཞན་ཕྱེད་གླིང་གི་དཀའ་རྙོག་སེལ་རྒྱུར་འབད་བརྩོན་བྱས་ཏེ་འབྱུང་འགྱུར་དགོས་ངེས་སྐབས་ཐེ་རོན་ཕུར་དཀའ་རྙོག་དེ་སེལ་རྒྱུའི་གདམ་ག་བྱ་གཞི་མཁོ་འདོན་བྱེད་དགོས་པའི་བཀའ་བཏང་ཡོད་ལུགས་ཀྱང་བསྟན་པ་རེད།
         ཉིན་དེར་མའེ་ཁེ་མཱ་སི་ཐེས་ཐེ་རོན་ཕུའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་གཞན་གྱིས་བཤད་པའི“གདམ་ག་ཚང་མ”སོར་འཇོག་བྱས་ནས་ཁྲའོ་ཞན་ཕྱེད་གླིང་གི་དཀའ་རྙོག་སེལ་རྒྱུ་ཡིན་ཞེས་པའི་བཤད་སྟངས་བསྐྱར་བཤད་བྱས་པ་དང་ཆབས་ཅིག་ཁོང་གིས་དྲག་ཤུགས་ཕུད་པའི་བྱེད་ཐབས་ཡོད་དོ་ཅོག་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་གི་དཀའ་རྙོག་སེལ་རྒྱུ་དུས་ལ་བབས་ཡོད་ཚུལ་ནན་བཤད་བྱས་ཤིང་། ཁོང་གིས་ཕྱིས་འབྱུང་གི་གཟའ་འཁོར་འགའ་དང་ཟླ་བ་ཁ་ཤས་ནང་ཁྲའོ་ཞན་ཕྱེད་གླིང་གི་དཀའ་རྙོག་གི་ཤུགས་རྐྱེན་ཕོག་པའི་ཕྱོགས་ཁག་གིས་དྲག་ཤུགས་ཕུད་པའི་བྱེད་ཐབས་ལ་བརྟེན་ནས་མཇུག་འབྲས་སྡུག་ཤོས་མི་ཐོན་པ་བྱེད་པའི་གོ་སྐབས་ཡོད་པའི་ངོས་འཛིན་ཡང་བྱས་ཡོད་ཅེས་བརྗོད། 
      

    ཕྱོགས་བསྡུས་གསར་འགྱུར།