འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་གོའི་ཞིབ་དཔྱོད་ཕྱོགས་ཀྱིས་ཉེས་མིང་ཁག་18ཀྱི་ཐོག་ནས་ཙུང་ཐུང་ཟུར་པ་ཕེའོ་ཅིན་
    ཧུའེ་ཁྲིམས་ལ་སྦྱར་རྒྱུའི་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་ཧན་གོའི་ཞིབ་དཔྱོད་ཕྱོགས་ཀྱིས་ཉེས་མིང་18ཀྱི་ཐོག་ནས་ཙུང་ཐུང་ཟུར་པ་ཕེའོ་ཅིན་ཧུའེ་ཁྲིམས་ལ་སྦྱར་རྒྱུའི་གཏན་འཁེལ་བྱས་པ་དང་། དེའི་ནང་ལྐོག་རྔན་བླངས་པ་དང་། དབང་ཆ་གང་བྱུང་སྤྱོད་པ། བཙན་ཤེད་ངང་ཁེ་ལས་ལ་མ་དངུལ་འདོན་དུ་འཇུག་པ་སོགས་ཀྱི་དོགས་པ་ཡོད་པ་སོགས་ཚུད་ཡོད་པ་རེད། ཕེའོ་ཅིན་ཧུའེ་ནི་ཧན་གོའི་ལོ་རྒྱུས་ཐོག་རུལ་སུངས་ཀྱིས་རྐྱེན་པས་ཁྲིམས་ཁང་གིས་འདྲི་གཅོད་བྱས་པའི་ཙུང་ཐུང་ཟུར་པ་ཨང་གསུམ་པ་དེ་ཡིན་པ་རེད།
         ཞིབ་དཔྱོད་ཕྱོགས་ཀྱིས་ཕེའོ་ཅིན་ཧུའེ་དང་གྲོགས་མོ་ཚུའེ་ཧྲུན་ཧྲི་ཡིས་མཉམ་དུ་ལྐོག་རྔན་ལེན་པའི་དོགས་པ་ཡོད་པ་དང་། དེའི་ནང་སན་ཤིང་དང་ལེ་ཐེན་སོགས་ཁེ་ལས་ཆེ་གྲས་ནས་ཧན་སྒོར་དུང་ཕྱུར་368(ཧན་སྒོར་1135ལ་ཨ་སྒོར་1ཙམ་ཟིན་པ)ལྐོག་རྔན་བླངས་པ་མ་ཟད། ད་དུང་SKཚོགས་པ་ནས་ཧན་སྒོར་དུང་ཕྱུར་89ལྐོག་རྔན་སློང་པ་སོགས་ཚུད་ཡོད་པ་རེད། ཧན་གོའི་སྨྱན་སྦྱོར་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཞིབ་དཔྱོད་ཕྱོགས་ཀྱིས་ཕེའོ་ཅིན་ཧུའེ་ཡི་ཁྲིམས་སྦྱོར་ཞུ་ཡིག་ནང་ལྐོག་རྔན་བླངས་པའི་དངུལ་གྲངས་ཧན་སྒོར་དུང་ཕྱུར་592ཟིན་ཡོད་ཅེས་འཁོད་ཡོད་པ་རེད།
         ཕེའོ་ཅིན་ཧུའེ་ལ་ད་དུང་ཚུའེ་ཧྲུན་ཧྲི་དང་མཉམ་དུ་ཁེ་ལས་ལ་བཙན་ཤེད་ངང་ཁོ་གཉིས་ཀྱིས“ཐུན་མོང་ཐོག་གཉེར་སྐྱོང་བྱས་པའི”འབྱོར་ཆེན་ཚོགས་ཁག་ལ་ཞལ་འདེབས་རྒྱག་ཏུ་བཅུག་པ་དང་། ཙུང་ཐུང་གི་དབང་ཆ་གང་བྱུང་སྤྱད་ནས་ཚུའེ་ཧྲུན་ཧྲི་ལ་རོགས་རམ་བྱས་ཏེ་ཚོང་ལས་ཀྱི་ཁེ་ཕན་ཐོབ་ཐབས་བྱས་པ་དང་དེ་བཞིན་ཚུའེ་ཧྲུན་ཧྲི་ལ་སྲིད་གཞུང་གི་གསང་དོན་ཕྱིར་བསྒྲགས་བྱས་པ་སོགས་ཀྱི་ཉེས་པ་བསགས་པའི་དོགས་པ་ཡོད་པ་རེད “སྤྱན་བསལ་གྱིས་སྲིད་དོན་ལ་ཐེ་ཇུས་བྱེད་པའི”གནས་ཚུལ་དམིགས་བསལ་ཞིབ་བཤེར་ཚོགས་ཆུང་གི་དེ་སྔོན་བརྟག་དཔྱད་བྱས་འབྲས་ལ་གཞིགས་ན། ཕེའོ་ཅིན་ཧུའེ་དང་ཚུའེ་ཧྲུན་ཧྲིས་མཉམ་དུ་སན་ཤིང་སོགས་ཁེ་ལས་ལ་བཙན་ཤེད་ངང་གྱོད་གཞི་དང་འབྲེལ་བ་ཡོད་པའི་འབྱོར་ཆེན་ཚོགས་ཁག་ལ་མ་དངུལ་ཧན་སྒོར་དུང་ཕྱུར་774ཞལ་འདེབས་རྒྱག་ཏུ་བཅུག་པའི་དོགས་པ་ཡོད་པ་རེད།
         ཚེས་14ཉིན་ཞིབ་དཔྱོད་ཕྱོགས་ཀྱིས་ད་དུང་ལྐོག་རྔན་སྤྲད་པའི་དོགས་པ་ཡོད་པའི་ལེ་ཐན་ཚོགས་པའི་ཚོགས་གཙོ་ཤིན་ཏུང་པིང་ཁྲིམས་ལ་སྦྱར་རྒྱུའི་གཏན་འཁེལ་བྱས་པ་རེད། ཞིབ་དཔྱོད་ཕྱོགས་ཀྱིས་ཤིན་ཏུང་པིང་གྱོད་གཞི་དང་འབྲེལ་བ་ཡོད་པའི་འབྱོར་ཆེན་ཚོགས་ཁག་ལ་མ་དངུལ་ཧན་སྒོར་དུང་ཕྱུར་70སྤྲད་ནས་ཕེའོ་ཅིན་ཧུའེ་གྱིས་ཁྲལ་འཇལ་མི་དགོས་པའི་ཚོང་ཁང་གི་གཉེར་སྐྱོང་དབང་ཆའི་ཐད་ལྟ་སྐྱོང་ཐུབ་ཐབས་བྱས་པའི་དོགས་པ་ཡོད་པ་རེད། SKཚོགས་པས་གྱོད་གཞི་དང་འབྲེལ་བ་ཡོད་པའི་འབྱོར་ཆེན་ཚོགས་ཁག་ལ་མ་དངུལ་གཏོང་སྤྲད་བྱས་མེད་པའམ་སྤྲོད་རྒྱུའི་ཁས་ལེན་མེད་པས་དེའི་ཚོགས་གཙོ་ཚུའེ་ཐའེ་ཡོན་ཁྲིམས་ལ་མི་སྦྱོར་བའི་ཐག་གཅོད་བྱས་ཡོད་ཅེས་བཤད་པ་རེད།
         དེ་གོང་སན་ཤིང་ཚོགས་པ་ཚོད་འཛིན་ངོ་མ་བྱེད་མཁན་སན་ཤིང་གློག་རྡུལ་གྱི་ཚོགས་གཙོ་གཞོན་པ་ལི་ཙའེ་རུང་ལ་ལྐོག་རྔན་སྤྲོད་པ་དང་གཞུང་དངུལ་གཞན་སྤྱོད་བྱེད་པ་སོགས་ཀྱི་ཉེས་མིང་གི་དོགས་པ་ཡོད་པས་འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་ཡོད་པ་རེད། ཞིབ་དཔྱོད་ཕྱོགས་ཀྱིས་ལི་ཙའེ་རུང་གིས་གྱོད་གཞི་དང་འབྲེལ་བ་ཡོད་པའི་འབྱོར་ཆེན་ཚོགས་ཁག་ལ་མ་དངུལ་བཏང་ནས་དེའི་རྒྱུན་འཛིན་གཉེར་སྐྱོང་དབང་ཆའི་ཐད་ཕེའོ་ཅིན་ཧུའེ་ཡི་རོགས་རམ་ཐོབ་ཐབས་བྱས་པའི་དོགས་པ་ཡོད་པ་རེད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།