འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས“རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་བྱེད་སྒོའི་སྐོར་གྱི་ཀྲུང་ཕྱིའི་སྨྱན་
    སྦྱོར་གྱི་བརྡ་གཏོང་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་18ཉིན་ཕྱི་འབྲེལ་པུས་ཀྲུང་ཕྱིའི་སྨྱན་སྦྱོར་གྱི་བརྡ་གཏོང་ཚོགས་འདུ་འཚོགས་པ་རེད། ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཞའོ་ཐའོ་ཡིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་དབུ་ཚོགས་གླེང་སྟེགས་ཀྱི་བྱེད་སྒོ་རབ་དང་རིམ་པའི་འབྲེལ་ཡོད་གནས་ཚུལ་ཁག་སོ་སོར་ངོ་སྤྲོད་གནང་བ་དང་ཆབས་ཅིག་གསར་འགོད་པའི་དྲི་བར་ཡང་ལན་བསྐྱོན་པ་རེད།
         ཝང་དབྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་དབུ་ཚོགས་གླེང་སྟེགས་དེ་ཟླ་5ཚེས་14དང་15ཉིན་པེ་ཅིང་དུ་འཚོག་རྒྱུ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གླེང་སྟེགས་འགོ་འཛུགས་མཛད་སྒོར་ཞུགས་རྒྱུ་མ་ཟད། འགོ་ཁྲིད་མི་སྣའི་གྲལ་སྒོར་དབུ་ཚོགས་གཙོ་སྐྱོང་ཡང་གནང་རྒྱུ་རེད་ཅེས་གསུངས་པ་རེད།
         ཝང་དབྱིས་ད་ཐེངས་ཀྱི་གླེང་སྟེགས་དེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2013ལོར“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གལ་ཆེན་གྱི་གྲོས་འགོ་བཏོན་གནང་ཚུན་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་འཚོག་རྒྱུའི་ཚད་གཞི་མཐོ་ཤོས་ཀྱི་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ངང་ཐོབ་ཡོད། གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱིས་གཉིས་ཕན་འཕེལ་རྒྱས་ཡོང་བ་བྱེད་དགོས”ཞེས་པ་དེ་རེད། གླེང་སྟེགས་ཀྱི་བྱེད་སྒོ་གཙོ་བོའི་གྲས་སུ་འགོ་འཛུགས་མཛད་སྒོ་དང་། འགོ་ཁྲིད་མི་སྣའི་གྲལ་སྒོར་དབུ་ཚོགས། རིམ་པ་མཐོ་བའི་ཚོགས་འདུ་བཅས་ཆ་ཤས་གསུམ་ཚུད་ཡོད། འགོ་འཛུགས་མཛད་སྒོ་དེ་ཟླ་5ཚེས་14ཉིན་གྱི་སྔ་དྲོ་འཚོག་རྒྱུ་དང་། འགོ་འཛུགས་མཛད་སྒོ་འཚོགས་རྗེས་རིམ་པ་མཐོ་བའི་ཚོགས་འདུ་འཚོག་རྒྱུ། ཟླ་5ཚེས་15ཉིན་གང་འགོ་ཁྲིད་མི་སྣའི་གྲལ་སྒོར་དབུ་ཚོགས་འཚོག་རྒྱུ་རེད། མིག་སྔར་རྒྱལ་ཁབ་28ཀྱི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོ་ཞུགས་རྒྱུ་མ་ཟད་རྒྱལ་ཁབ་110ནས་ཡོང་བའི་དཔོན་རིགས་དང་། མཁས་དབང་། ཁེ་ལས་མཁས་ཅན། དངུལ་རྩའི་སྒྲིག་གཞི། སྨྱན་སྦྱོར་སོགས་ལས་རིགས་ཁག་གི་མི་སྣ་ཡོད་ལ། རྒྱལ་སྤྱིའི་རྩ་འཛུགས་61ནས་ཡོང་བའི་འགན་འཁུར་བ་དང་འཐུས་མི་89གླེང་སྟེགས་ལ་ཞུགས་རྒྱུའི་གཏན་འཁེལ་བྱུང་ཡོད། དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་། འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཅིན་གཡུང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་ལ་ཅ་ཏེ་བཅས་གདན་ཞུས་ལྟར་གྲལ་སྒོར་དབུ་ཚོགས་ལ་ཞུགས་རྒྱུ་རེད། དབུ་ཚོགས་གླེང་སྟེགས་ལ་ཞུགས་མཁན་འཐུས་མིའི་སྤྱིའི་གྲངས་འབོར་1200ལྷག་ཙམ་ཟིན་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།