འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པ་རྡོག་ཐོན་བྱས་ཏེ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཚོ་ཐོག་ཉེན་
    རྟོག་པའི་བྱང་རྒྱུད་མཚོ་ཁུག་གི་ཐུན་མོང་ཉ་འཛིན་མཚོ་ཐོག་ཏུ་མཉམ་འབྲེལ་
    ཞིབ་བཤེར་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན་ཆུ་ཚོད་18ཙམ་ལ་ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུས་ཀྱི་ཨང་རྟགས་3301དང་3304ཡི་གྲུ་གཟིངས་གཉིས་སན་ཡ་རྒྱ་བྱ་གླིང་ཕྲན་རྒྱལ་སྤྱིའི་སྦྲག་གཟིངས་གྲུ་ཁའི་ཕྱོགས་སུ་བསྐྱོད་ནས་ཚེས་18ཉིན་འགོ་འཚོགས་རྒྱུའི་2017ལོའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཚོ་ཐོག་ཉེན་རྟོག་པས་བྱང་རྒྱུད་མཚོ་ཁུག་གི་ཐུན་མོང་ཉ་འཛིན་ཁུལ་དུ་མཚོ་ཐོག་གི་མཉམ་འབྲེལ་ཞིབ་བཤེར་ནང་ཞུགས་རྒྱུ་རེད། དེ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་མཚོ་ཐོག་ཁྲིམས་འཛིན་སྡེ་ཚན་གྱིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་བྱང་རྒྱུད་མཚོ་ཁུག་གི་ཉ་ལས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་སྒྲོམ་གཞིའི་འོག་2006ལོ་ནས་བཟུང་ཀྲུང་གོ་དང་ཝེ་ཐེ་ནམ་བྱང་རྒྱུད་མཚོ་ཁུག་གི་ཐུན་མོང་ཉ་འཛིན་ཁུལ་དུ་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་བྱེད་ཐེངས་13པ་དེ་ཡིན།
         མཉམ་འབྲེལ་ཞིབ་བཤེར་གྱི་ཇུས་གཞི་གཞིར་བཟུང་། ད་ཐེངས་ཀྱི་བྱ་སྤྱོད་དེ་ཚེས་20ཉིན་བར་སྤེལ་རྒྱུའི་ནང་ཕྱོགས་གཉིས་པོས་ཁག་སོ་སོས་ཁྲིམས་འཛིན་གྲུ་གཟིངས་གཉིས་བཏང་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་བྱང་རྒྱུད་མཚོ་ཁུག་གི་མཚོ་ཐོག་དབྱེ་འབྱེད་དེ་མཚམས་ཐིག་ཏུ་བྱས་ནས་ངོགས་གཉིས་ཀྱི་ཐུན་མོང་ཉ་འཛིན་ཁུལ་དུ་སྐོར་སྐྱོད་ཞིབ་བཤེར་བྱ་རྒྱུ་དང་ལམ་རྒྱུད་ཀྱི་མཚོ་ཁོངས་ཉ་ལས་གནས་ཚུལ་ལ་ལྟ་ཞིབ་ཐོ་འགོད་བྱ་རྒྱུ་དང་འབྲེལ་རྒྱལ་ཁབ་གཉིས་ཀྱི་ཉ་གྲུར་ཞིབ་བཤེར་བྱ་རྒྱུ་རེད།
         བྱང་རྒྱུད་མཚོ་ཁུག་དེ་སྐམ་ས་གསུམ་གྱིས་མཐའ་སྐོར་ཡོད་པ་དང་ཤར་རྒྱུད་ལེ་ཀྲོའུ་ཕྱེད་གླིང་དང་ཧའེ་ནན་གླིང་ཕྲན་གྱི་ནུབ་ངོགས་སུ་ཡོད་ལ། ཆུང་ཀྲོའུ་མཚོ་འགག་དང་ལྷོ་མཚོའི་བྱང་རྒྱུད་ཀྱི་མཚོ་ཁོངས་དང་སྦྲེལ་ནས་ཡོད། བྱང་རྒྱུད་ནི་ཀོང་ཤིས་ཀྱི་མཚོ་ངོགས་དང་ནུབ་རྒྱུད་དེ་ཝེ་ཐེ་ནམ་གྱི་ཤར་མཚོའི་ངོགས་སུ་ཡོད་པས་འདི་ནི་རང་བྱུང་གི་ཕྱེད་བཀག་སྡོམ་གྱི་གཏིང་ཐུང་མཚོ་ཁུག་ཅིག་རེད། བྱང་རྒྱུད་མཚོ་ཁུག་གི་ཉ་ལས་ཐོན་ཁུངས་སྲུང་སྐྱོང་དང་ལུགས་མཐུན་ངང་སྤྱོད་རྒྱུ་དང་མཚོ་ཁོངས་ཀྱི་རྒྱུན་གཏན་ཉ་ལས་ཐོན་སྐྱེད་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་གྲོས་མོལ་གྲོས་བསྡུར་ཐེངས་མང་བྱས་རྗེས་2000ལོའི་ཟླ་12ཚེས་25ཉིན་《རྒྱལ་ཁབ་གཉིས་ཀྱི་བྱང་རྒྱུད་མཚོ་ཁུག་གི་མཚོ་ཁོངས་དང་ཆེད་གཏོགས་དཔལ་འབྱོར་ཁུལ་དང་དེ་བཞིན་སྐམ་ས་ཆེ་མོའི་སྒྲོམ་གཞི་བཅས་ཀྱི་དབྱེ་འབྱེད་སྐོར་གྱི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཆོད་ཡིག་》དང་《ཀྲུང་གོ་དང་ཝེ་ཐེ་ནམ་བྱང་རྒྱུད་མཚོ་ཁུག་གི་ཉ་ལས་མཉམ་ལས་ཆོད་ཡིག་》བཞག་པ་དང་2004ལོའི་ཟླ་4ཚེས་29ཉིན་ཕྱོགས་གཉིས་པོས་《ཀྲུང་གོ་དང་ཝེ་ཐེ་ནམ་བྱང་རྒྱུད་མཚོ་ཁུག་གི་ཉ་ལས་མཉམ་ལས་ཆོད་ཡིག་ཁ་གསབ་གྲོས་ཆོད་ཡི་གེར་》མུ་མཐུད་མིང་རྟགས་བཀོད་པ་རེད། 2016ལོའི་ཟླ་8ཚེས་26ཉིན་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཚོ་ཐོག་ཉེན་རྟོག་སི་ལིང་གིས་པེ་ཅིང་དུ་ལས་དོན་ཐུག་འཕྲད་ཐེངས་དང་པོ་བྱས་ཏེ་《ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཚོ་ཐོག་ཉེན་རྟོག་གི་ལས་དོན་ཐུག་འཕྲད་ཐེངས་དང་པོའི་ཚོགས་འདུའི་ཟིན་བྲིས་གནད་བསྡུས་》ལ་མིང་རྟགས་བཀོད་པ་དང་བྱང་རྒྱུད་མཚོ་ཁུག་གི་ཐུན་མོང་ངོས་འཛིན་མཉམ་འབྲེལ་ཞིབ་བཤེར་བྱ་སྤྱོད་ལོ་ལྟར་ཐེངས་གཉིས་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།