འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་བོད་ཀྱིས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་124བྱེད་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སླར་ཡང་ཤིང་འཛུགས་ནགས་བཟོའི་དུས་སུ་སླེབས་ཤིང་། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་འདི་ལོའི་བོད་ཀྱི་ཤིང་འཛུགས་ནགས་བཟོའི་ལས་འགན་གཤམ་སྤྲོད་བྱས་ནས་འདི་ལོ་བོད་ཀྱིས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་124.747བྱེད་རྒྱུའི་ལས་འགན་འཆར་གཞི་གཏན་འཁེལ་བྱས་པ་དང་། དེའི་ནང་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་ལྗོན་ཤིང་མུའུ་ཁྲི་5.028དང་། ལྷ་སའི་ཉེ་འཁོར་ཁུལ་དུ་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་16 རང་བྱུང་ནགས་ཚལ་སྲུང་སྐྱོང་མུའུ་ཁྲི་2.2 འོས་འགན་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་2.4 ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྱོང་མུའུ་ཁྲི་99.119བཅས་བྱེད་རྒྱུ་ཡིན་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་(ས་གནས་)ཁག་གི་ཤིང་འཛུགས་ནགས་བཟོའི་སྡོང་ཕྲུག་གི་དགོས་མཁོ་སྐོང་ཆེད། མིག་སྔར་བོད་ཀྱི་སྡོང་ཕྲུག་དབོར་འདྲེན་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད་པ་རེད།
         “མིག་སྔར་གྲ་སྒྲིག་བྱས་པའི་སྡོང་ཕྲུག་རྐང་ཁྲི་4ཡོད་པ་དེ་དག་ནི་ཧོ་པེའི་སྦྱར་ལྕང་དང་རྒྱ་ལྕང་གཙོ་བོ་ཡིན་པ་དང་། ད་དུང་རྒྱལ་རྩེའི་གླ་ཚེར་རྣམས་གཞིས་རྩེ་རྣམ་གླིང་དུ་དབོར་འདྲེན་བྱས་ཏེ་གཙོ་བོ“གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུད་དུ་ཤིང་འཛུགས་ནགས་བཟོར་སྤྱོད་རྒྱུ་རེད། སྡོང་ཕྲུག་དེ་དག་ཚང་མའི་སྦོམ་ཚད་ལི་སྨི་4ཡན་ཟིན་པའི་སྡོང་ཕྲུག་ཆེན་པོ་དང་འཚོ་བཅུད་འགྱིག་ཤོག་སྡོང་ཕྲུག་ཡིན་པས་ཚང་མ་ལེགས་སྒྲུག་བརྒྱབ་པ་ཤ་སྟག་ཡིན་ཞེས་བཤད་ཆོག སྡོང་ཕྲུག་ཆེན་པོ་དང་ཤིང་སོན་ལེགས་གྲས་དེ་དག་འདེམ་དོན་ནི་དེ་གསོན་ཚད་མཐོ་བ་དང་གསོན་ཚད་90%ཡན་ཟིན་གྱི་ཡོད”ཅེས་བོད་རང་སྐྱོང་ལྗོངས་ནགས་ལས་ཚན་རིག་ཞིབ་འཇུག་ཁང་ཐོན་སྐྱེད་ཁོའོ་ཡི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་བྱུང་།
         ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་བོད་རང་སྐྱོང་ལྗོངས་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གིས་སྔོན་རྩིས་བྱས་པའི་སྡོང་ཕྲུག་འདོན་ཚད་རྐང་ཁྲི་40ལྷག་ཙམ་ཟིན་ནས་བོད་ཀྱི་ས་གནས་ཁག་ལ་དབོར་ཏེ་ཤིང་འཛུགས་ནགས་བཟོ་དང་ཚན་རིག་ཁྱབ་གདལ་གཏོང་རྒྱུར་སྤྱོད་རྒྱུ་ཡིན་པ་རེད། མིག་སྔར་སྡོང་ཕྲུག་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་མི་སྣས“དེ་སྔ་སྡོང་ཕྲུག་དབོར་བའི་གནས་ཚུལ་ལ་གཞིགས་ན། གཞིས་རྩེ་དང་། ལྷོ་ཁ། ལྷ་ས་བཅས་ཀྱི་ཉེ་འཁོར་ཁུལ་ལ་སྡོང་ཕྲུག་དགོས་མཁོ་ཆེ་ཤོས་ཡིན་པ་དང་། དེའི་ནང་ལྷོ་ཁར་མཁོ་བའི་སྡོང་ཕྲུག་གཙོ་བོ་ནི་ཤིང་ག་བུར་དང་རྒྱལ་རྩེའི་གླ་ཚེར་གཙོ་བོ་རེད། གཞན་ཡང་ཆར་དུས་ཤིང་འཛུགས་ནགས་བཟོར་སྤྱོད་པའི་སྡོང་ཕྲུག་ཀྱང་མི་ཉུང་བ་ཞིག་ཡོད། དེ་དུས་འགྱིག་སྣོད་ལ་བརྟེན་ནས་ཤིང་འཛུགས་ནགས་བཟོ་བྱེད་དགོས་པ་དང་། གཙོ་བོ་གྲམ་ཐང་དང་གྲམ་པར་ཤིང་འཛུགས་ནགས་བཟོ་བྱེད་པར་སྤྱོད་རྒྱུ་རེད”ཅེས་ངོ་སྤྲོད་བྱས།
        ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ཤིང་འཛུགས་ནགས་བཟོའི་དགོས་མཁོ་སྔར་བས་སྐོང་ཆེད། འདི་ལོ་བོད་རང་སྐྱོང་ལྗོངས་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གིས་སྡོང་ཕྲུག་རིགས་གསར་པ་13ནང་འདྲེན་བྱེད་རྩིས་ཡོད་པ་དང་། དེའི་ནང་ཤིན་ཅང་གི་སྦྱར་དཀར་དང་། སྦྱར་པ། ཤིང་སྟོང་ཧུའུ་དབྱང་། འོ་སེ་ཤིང་། མུ་ཏིག་ཅུ་ལི་སོགས་ཚུད་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།