འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།འབར་ཁམས་གྲོང་ཁྱེར་དུ་སྦྲང་ནོར་བུར་བརྟེན་ནས་མང་ཚོགས་དུད་ཚང་ཆིག་སྟོང་ལྷག་
    དབུལ་སྒྲོལ་འབབ་འཕར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། དཔྱིད་དུས་ཀྱི་ཞོགས་པར་ཉི་གཞོན་ས་གཞི་ཆེ་མོར་འཕྲོས་མ་ཐག་འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་ལྷ་ཕྱུག་གྲོང་ཚོའི་གྲོང་མི་མང་པོ་ཞིག་ལག་ཏུ་ཐོ་བ་འཁྱེར་ནས་སྦྲང་ཚང་བཟོ་འགོ་ཚུགས།
         སྦྲང་ནོར་བུ་གསོ་བ་ནི་འདི་གའི་གྲོང་མིའི་ཡོང་འབབ་ཡོང་ཁུངས་གཙོ་བོ་ཡིན་ཞིང་། ན་ནིང་འབར་ཁམས་གྲོང་ཁྱེར་ཞིང་འབྲོག་དང་ཆུ་དོན་ཅུས་ཀྱིས་གྲོང་མི་ཚོས་སྦྲང་ནོར་བུ་གསོས་ནས་དབུལ་སྒྲོལ་དང་ངལ་རྩོལ་ཕྱུག་འགྱུར་བྱ་རྒྱུར་སྐུལ་ལྕག་གཏོང་ཆེད། སྦྲང་ནོར་བུ་གསོ་ཚགས་ཆེད་ལས་དུད་ཚང་ལ་རིན་པ་མི་དགོས་པར་སྦྲང་ནོར་བུ་དང《སྦྲང་ནོར་བུ་གསོ་བའི་མཁོ་ཆོད་ལག་རྩལ》གྱི་དེབ་སྤྲད་པ་རེད།
         རྔ་པའི་སྦྲང་ནོར་བུ་སྒམ་160གསོས་པ་བརྒྱུད། འབར་ཁམས་གྲོང་ཁྱེར་འབར་ཁམས་གྲོང་རྡལ་ཚེ་དཔལ་གྲོང་ཚོའི་གྲོང་མི་ཚེ་རྣམ་ལ་ལོ་དང་པོ་ཁོ་ནར་ཡོང་འབབ་སྒོར་ཁྲི་20བྱུང་བས། ཉེ་རྒྱང་གང་སར་སྐད་གྲགས་ཆོད་པའི་ཡུལ་དེ་གའི་སྦྲང་ནོར་བུ་གསོ་མཁན་གྱི་རིགས་གཅིག་མཁས་ཅན་དང་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་ཡོད། ཁོང་གི་སྣེ་ཁྲིད་འོག་ཚེ་དཔལ་གྲོང་ཚོའི་གྲོང་མིའི་60%ཡིས་རྔ་པའི་སྦྲང་ནོར་བུ་གསོ་ཚགས་བྱེད་འགོ་ཚུགས་ཡོད།
         མ་དངུལ་གཏོང་ཉུང་བ་དང་ཕན་འབྲས་ཆེ་བས་རྔ་པའི་སྦྲང་ནོར་བུ་གསོ་ཚགས་བྱ་རྒྱུ་དེ་འབར་ཁམས་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་ཀྱི་དབུལ་སྒྲོལ་འབབ་འཕར་གྱི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་འབར་ཁམས་གྲོང་ཁྱེར་གྱིས་རྔ་པའི་སྦྲང་ནོར་བུ་རྒྱུད་སྤེལ་ས་ཚིགས་5བཙུགས་པ་དང་། སྦྲང་ནོར་བུ་གསོ་ཚགས་མཉམ་ལས་ཁང་7སྐྱེད་སྲིང་། སྦྲང་ནོར་བུ་གསོ་ཚགས་དཔེ་སྟོན་དུད་ཚང་50ལྷག་ཙམ་འཕེལ་རྒྱས་བཏང་ནས། གྲོང་མི་དུད་ཚང་1000སྦྲང་ནོར་བུ་གསོས་པ་བརྒྱུད་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་ཞོར་དུ་སྐུལ་ཁྲིད་བྱས་པ་རེད།
         རྫོང(གྲོང་ཁྱེར)དབུལ་པོ་ཡིན་པའི་འབར་ཁམས་གྲོང་ཁྱེར་གྱིས་ཇི་ལྟར་བྱས་ནས་སྦྲང་ནོར་བུ་ལས་མང་ཚོགས་དེ་བས་མང་བ་འབབ་འཕར་དབུལ་སྒྲོལ་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་ཡིན་ནམ་ཞེ་ན།
          “འདི་ལོ་ང་ཚོས་རྔ་པའི་སྦྲང་ནོར་བུ་གསོ་ཚགས་ཤུགས་ཆེན་བྱས་ནས་མང་ཚོགས་འབབ་འཕར་དབུལ་སྒྲོལ་བྱ་རྒྱུ་མ་ཟད། ད་དུང་འབར་ཁམས་གྲོང་ཁྱེར་གྱི་རྫོང(གྲོང་ཁྱེར)དབུལ་པོའི་ཞྭ་མོ་འབུད་རྒྱུ་ཡིན། ཟླ་2པ་ནས་3པའི་བར་འབར་ཁམས་ཀྱིས་རྔ་པའི་སྦྲང་ནོར་བུ་གསོ་ཚགས་གསོ་སྦྱོང་འཛིན་གྲྭ་ཡང་སེ་གཉེར་ནས་གསོ་ཚགས་དུད་ཆེན་གདན་དྲངས་ཏེ། གྲོང་ཚོ་དབུལ་པོར་ལག་རྩལ་མཛུབ་ཁྲིད་བྱེད་པར་བསྐྱོད་པ་མ་ཟད། རིན་པ་མི་དགོས་པར་དུད་ཚང་དབུལ་པོར་སྦྲང་ནོར་བུ་དང་སྦྲང་ཚང་སྤྲད་པ་ཡིན”ཞེས་འབར་ཁམས་གྲོང་ཁྱེར་ཕྱུགས་ལས་སྨན་པའི་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བས་དེ་ལྟར་ངོ་སྤྲོད་བྱས་བྱུང་།
         འབར་ཁམས་གྲོང་ཁྱེར་དུ་རྔ་པའི་སྦྲང་ནོར་བུས་ལོ་གཅིག་ནང་སྦྲང་རྩི་ཏུན་20བསགས་པ་ཚང་མ་སྨན་རྒྱུར་སྤྱོད་ཆོག་པས། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་གྲས་སུ་འཇུག་རྒྱུའི་རེ་ཞུ་ལེགས་གྲུབ་བྱུང་ཡོད། འབར་ཁམས་གྲོང་ཁྱེར་དུ་སྦྲང་ནོར་བུ་གསོས་ནས་ལོ་དྲུག་སོང་བའི་ཉི་མས་དེར་མདུན་ལམ་ཡག་པོ་ལྡན་པའི་ངོས་འཛིན་བྱེད་ཅིང་། ཁོང་གིས“འདི་ལོའི་ཟླ་4པར་ང་ཚོས་གྲོང་ཁྱེར་ཡོངས་སུ་ཚད་དང་ལྡན་པའི་སྦྲང་རྩི་ཐུམ་སྒྲིལ་ཐོན་སྐྱེད་བྱ་ཡུལ་དང་པོ་དེ་འཛུགས་རྒྱུ་མ་ཟད། ད་དུང་དུད་ཚང་དབུལ་པོ་དེ་བས་མང་བར་རྔ་པའི་སྦྲང་ནོར་བུ་གསོ་རྒྱུའི་སྐུལ་སློང་བྱས་ཏེ་སྦྲང་ནོར་བུ་གསོ་རྒྱུ་དེ་ཉིད་འབབ་འཕར་ཡོང་བའི་ཐོན་ལས་ཆེ་མོར་འགྱུར་བ་བྱ་རྒྱུ་ཡིན”ཞེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།