འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ད་ལོར་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་ཤར་གཏོང་ཐུབ་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་07ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཆ་སྙོམས་ས་བབ་སྨི་4740ཡན་ཟིན་པའི་བར་ལའི་ཕུག་ལམ་རྣམ་གྲངས་ནི་རྒྱལ་ལམ་318རྒྱུད་ཀྱི་ཉིང་ཁྲི་ནས་ལྷ་ས་བར་གྱི་གཞུང་ལམ་སྒྱུར་བཀོད་ལས་གྲྭའི་འགག་རྩའི་ལས་གྲྭ་ཡིན། བར་ལའི་ཕུག་ལམ་རྣམ་གྲངས་འཛུགས་སྐྲུན་བཀོད་འདོམས་པུའི་སྤྱི་ཁྱབ་བཟོ་བཀོད་པ་ཝང་ལིའང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བར་ལའི་ཕུག་ལམ་ཧྲིལ་པོའི་ལས་གྲྭའི་འཕེལ་རིམ་70%ལེགས་གྲུབ་བྱུང་བ་དང་། ཕུག་ལམ་དེ་ཕྱོགས་གཉིས་ནས་རླངས་འཁོར་བཞི་འགྲོ་སྐྱོད་ཐུབ་པའི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་ཁར་གཡོན་ལམ་སྨི་5727དང་གཡས་ལམ་སྨི་5720ཟིན་པས་ཕུག་ལམ་རིང་ཤོས་སུ་གཏོགས་ཤིང་། ད་ལོར་ཤར་གཏོང་ཐུབ་རེ་ཡོད་པ་དང་དེ་དུས་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་ཕུག་ལམ་རིང་ཤོས་སུ་འགྱུར་ངེས་རེད།
         ཨར་སྐྲུན་བྱ་ཡུལ་དུ་གསར་འགོད་པས་བཟོ་པ་ཐན་ཐེན་མིང་གིས་རྡུལ་འགོག་པའི་ཁ་རས་མཐུག་པོ་ཞིག་བརྒྱབ་ནའང་ཁ་རས་དཀར་པོ་སྔ་ས་ནས་རྡུལ་གྱིས་ཁེངས་པ་དང་གདོང་དང་གྱོན་པ་ཡང་རྫོབ་པོ་ཆགས་པ་མཐོང་བྱུང་། ཁོང་གིས་ལས་ཡུལ་གྱི་མཁའ་རླུང་ཁྲོད་དུད་རྡུལ་མང་བ་དང་སྙིགས་རོ་ཐོན་དུས་རླངས་འཁོར་གྱི་མཇུག་རླངས་ཅུང་ཚབས་ཆེ་ཁར་ཁ་རས་འདི་རིགས་སྤྱོད་ཐེངས་གཅིག་ཅན་ཡིན་པས་ལས་དུས་གཅིག་ལས་རྒྱག་ཐུབ་ཀྱི་མེད་ཅེས་བཤད།
         ས་བབ་མཐོ་སར་ཁུང་བུ་འབིགས་པ་དང་སྙིགས་རོ་སེལ་བ་ནི་དཀའ་གནད་ཅིག་ཡིན་ཁར་ལ་དུག་གི་རྐྱེན་གྱིས་ཐན་ཐེན་མིང་དང་ལས་རོགས་རྣམས་ཀྱི་གདོང་མདོག་སེར་པོ་དང་མཆུ་སྨུག་པོར་གྱུར། བཟོ་པ་ཁྲེན་ཐེན་རོང་གིས་བར་ལའི་ཕུག་ལམ་གྱི་ལས་ཀ་ནི་དཀའ་སྡུག་ཆེ་བ་ཞིག་ཡིན། འཁྲིས་ཀྱི་བཟོ་པ་ཁག་ཡང་ཡང་བརྗེ་བ་དང་ན་ནིང་གསར་དུ་འབྱོར་བའི་བཟོ་པ་ས་ཆུ་མ་འཕྲོད་པར་ལམ་སེང་ཕྱིན་སོང་ཞེས་བརྗོད། འོ་ན་ཁྱོད་ཀྱིས་མཐའ་འཁྱོངས་བྱེད་དོན་ཅི་ཡིན་ཞེས་འདྲི་སྐབས་ཁྲེན་ཐེན་རོང་གིས“གང་ལྟར་ལས་ཀ་འདི་བྱེད་མཁན་དགོས་ཀྱི་རེད”ཅེས་ཅུང་ངོ་ཚའི་ངང་མགོ་བོ་འཕུར་བཞིན་བཤད།
         ས་བབ་མཐོ་བའི་རང་བྱུང་ཆ་རྐྱེན་གྱི་དབང་གིས་བར་ལའི་ཕུག་ལམ་རྣམ་གྲངས་ཨར་སྐྲུན་བྱེད་རིང་དཀའ་ངལ་མང་པོ་ཕྲད་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། ཕུག་ལམ་གྱི་ཐོན་སྒོའི་གཡས་གཡོན་གྱི་བྲག་ངོས་སབ་སོབ་ཡིན་ཁར་ཡང་ཡང་བརྡིབས་པ་དང་ཆུ་མང་པོ་ལུད་ཡོང་གི་ཡོད། ཕུག་ལམ་གྱི་གསེག་ཁྲོན་དུ་ཆུ་རྒྱུག་ཚད་ཆེ་ཤོས་ཉིན་ལྟར་སྨི་རྒྱ་དཔངས་ངོས་གྲུ་38590.76ཟིན་གྱི་ཡོད། གཞན་ཡང་ཕུག་ལམ་དུ་ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པས་དགུན་དུས་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ཟིན་པ་དེས་ཨར་སྐྲུན་དོ་དམ་པར་རེ་བ་མཐོ་པོ་བཏོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཕུག་ལམ་བསྐྲུན་རྗེས་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་བར་རླངས་འཁོར་གཏོང་ཡུན་ཕྱེད་ཙམ་ཐུང་དུ་འགྲོ་རྒྱུ་ཡིན་པ་དེས་གྲོང་ཁྱེར་གཉིས་དང་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བཞིན་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་མཐུན་རྐྱེན་ལེགས་གཏོང་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཝང་ལིའང་གིས“ལྷ་ས་ནས་ཉིང་ཁྲི་བར་གྱི་རྒྱལ་ལམ་318ལ་འགྲོ་བར་ཉུང་མཐར་ཡང་ཆུ་ཚོད་8དགོས་པ་དང་། སྒྱུར་བཀོད་ལས་གྲྭ་ཡོངས་གྲུབ་རྗེས་ཆུ་ཚོད་3་དང་4ལས་དགོས་ཀྱི་མེད་པ་མ་ཟད་ལམ་ཡང་སྔར་བས་བདེ་བ་དང་བདེ་འཇགས་ལྡན་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།