འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་ཨུ་སུའུ་ལི་སི་ཁེའི་ཀྲུང་གོའི་ཁྲོམ་ར་ཆེན་པོར་བརྟག་དཔྱད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་07ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྐད་གྲགས་ཆེ་བའི་ཨུ་སུའུ་ལི་སི་ཁེའི་ཁྲོམ་ར་ཆེན་པོ་ནི་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་ཀྲུང་གོའི་ཚོང་ཟོག་བསྡུ་འགྲེམས་ལྟེ་གནས་ཆེ་ཤོས་དེ་རེད། རྒྱང་ཤར་ས་ཁུལ་གྱི་ཡ་ཁུའུ་ཚེ་ཁེ་དང་། མ་ཅ་ཏན། ཁན་ཁྲ་ཅ། ཧ་པ་ལུའོ་ཕུའུ་སི་ཁེ་སོགས་ས་ཁུལ་གྱི་ཨུ་རུ་སུ་བ་དེ་གར་ཚོང་ཟོག་སྡེབ་ཚོང་རྒྱག་པར་ཡོང་བ་དང་དེ་རྗེས་རང་ཉིད་གནས་སའི་གྲོང་ཁྱེར་དུ་ལོག་ནས་འཚོང་གི་ཡོད། དེ་གར་ཁྲོམ་བཀྱག་6000ལྷག་ཙམ་ཡོད་པ་ལས་90%ཙམ་ཀྲུང་གོ་བས་བཟུང་ཡོད།
         དེ་གའི་ཚོང་ཟོག་གི་སྣ་ཁ་ཕུན་སུམ་ཚོགས་པས་གང་དགོས་ཅི་ཡོད་ཡིན་པ་རེད། ཁྲོམ་ར་འདི་ཉིད་ཉིན་མོ་དང་མཚན་མོ་གཉིས་སུ་དབྱེ་བ་དང་། ཉིན་མོའི་ཁྲོམ་རར་གཙོ་བོ་སིལ་ཚོང་ཡིན་པ་དང་། མཚན་མོའི་ཁྲོམ་རར་གཙོ་བོ་སྡེབ་ཚོང་ཡིན་པ་རེད། ཨུ་སུའུ་ལི་སི་ཁེར་ཚོང་བརྒྱབ་ནས་ལོ་བཅུ་ལྷག་ཙམ་སོང་བའི་ཁྲེན་ཀྲའོ་ཧའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མཚན་ཁྲོམ་དེའང་ཐོག་མ་སྟེས་དབང་དུ་གྲུབ་པ་ཞིག་རེད། གང་ལགས་ཤེ་ན་སྐབས་དེར་རྒྱང་ཤར་ས་ཁུལ་ཁག་ནས་ཡོང་བའི་ཚོང་པ་རྣམས་རླངས་འཁོར་བཏང་ནས་ཨུ་སུའུ་ལི་སི་ཁེར་མཚན་མོ་འབྱོར་གྱི་ཡོད་པས་ཁོང་ཚོར་སྟབས་བདེ་ཡོང་ཆེད་མཚན་མོའི་ཁྲོམ་ར་འདི་དར་བ་རེད།
         ཆེས་ཐོག་མའི་ཐོག་མེད་ཁྲོམ་ར་ནས་དོས་སྒམ་ཚོང་ཁང་བར་དང་དེ་ནས་ད་ལྟའི་ཚོང་ཁང་གི་ཚོམས་ཆེན་བར་ཁྲོམ་རའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད། ཚོམས་ཆེན་ཁག་ཚང་མར་ཚོན་མདོག་ལ་གཞིགས་ནས་མིང་བཏགས་ཡོད་པ་ནི་ཚོམས་ཆེན་དཀར་པོ་དང་། ལྗང་ཁུ། དམར་པོ། སྔོན་པོ་སོགས་རེད། གསར་འགོད་པ་ཚོམས་ཆེན་ལྗང་ཁུའི་ནང་འཛུལ་སྐབས་མི་མང་ཁར་ཟོག་འདྲེན་འཁོར་རིཌ་འགྲོ་འོང་བྱེད་མང་བས་གུ་དོག་པའི་བར་ཤུར་དེ་བས་འཚང་ཁ་ཆེ་བར་གྱུར་པ་མ་ཟད། ཀོག་ཧྥེ་འཚོང་མཁན་ཨ་མ་ལགས་ཀྱིས་ཐེར་གེ་བཏང་ནས་ཀོག་ཧྥེ་འཚོང་བཞིན་ཡོད་པས་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག
         ཀྲུང་གོའི་ཚོང་དུད་ཀྱིས་ཨུ་རུ་སུའི་སྐད་བྱང་ཆུབ་པ་བརྒྱབ་ནས་ཅ་དངོས་ཉོ་མཁན་དང་གླེང་མོལ་བྱེད་བཞིན་འདུག ཁོང་ཚོའི་ཁྲོད་ཀྱི་ཚོང་པ་ཕལ་ཆེ་བས་ཨུ་རུ་སུའི་སྐད་ཚད་ལྡན་སྦྱོང་མྱོང་མེད་ཀྱང་ཁོང་ཚོའི་ཁ་སྐད་དེ་ཨུ་རུ་སུའི་སྐད་ཡིག་ཆེད་ལས་སྦྱོང་མཁན་སློབ་མ་ལས་ཞན་པ་མེད། གང་ཡིན་ཟེར་ན་ཨུ་རུ་སུ་བ་དང་འབྲེལ་བ་བྱེད་མང་བའི་རྐྱེན་གྱིས་ཁོང་ཚོས་ཨུ་རུ་སུའི་ཡུལ་སྲོལ་ཆ་ལུགས་ཚང་མ་རྒྱུས་མངའ་ཡོད་པས་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།