འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་རི་པིན་གྱི་སློབ་གཞི་དང་སློབ་ཚན་འགྱུར་ལྡོག་སྐོར་གླེང་སྐབས་ནོར་
    འཁྲུལ་གྱི་ལོ་རྒྱུས་ལྟ་བའི་ཐོག་ནས་རྒྱལ་དམངས་ལ་ནོར་འཁྲུལ་གྱི་ཁྲིད་སྟོན་
    བྱེད་མི་རུང་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་07ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་5ཉིན། རི་པིན་གྱིས་དམག་འཁྲུག་སྐབས་ཀྱི་སློབ་གསོའི་བསམ་གཞི་དང་སྦྱོང་བརྡར་རྣམ་གྲངས་སླར་གསོ་བྱ་རྒྱུའི་རེ་ངན་འཆང་བའི་གནས་ཚུལ་ལ་དམིགས་ཏེ་ཚེས་5ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་རི་པིན་ཕྱོགས་ཀྱིས་འདས་ཟིན་པའི་བཙན་འཛུལ་གྱི་ལོ་རྒྱུས་དང་དབྱེ་བ་གསལ་པོ་ཕྱེ་སྟེ་ནོར་འཁྲུལ་གྱི་ལོ་རྒྱུས་ངོས་འཛིན་ཐོག་ནས་རྒྱལ་དམངས་ལ་ནོར་འཁྲུལ་གྱི་ཁྲིད་སྟོན་བྱེད་མི་རུང་ཞེས་བརྗོད་པ་རེད།
         དེ་ཉིན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་གསར་འགོད་པས་རི་པིན་གྱི་སྨྱན་སྦྱོར་འཕྲིན་སྤེལ་གཞིར་བཟུང་། ཨན་པེའི་ནང་བློན་ཁང་གི་ཚོགས་འདུའི་ཐོག“རྩ་ཁྲིམས་དང་《སློབ་གསོའི་རྨང་གཞིའི་བཅའ་ཁྲིམས་》ལས་མི་འགལ་བའི་རྣམ་པའི་འོག”《སློབ་གསོའི་བཀའ་ཡིག་》དེ་སློབ་གཞིར་བརྩིས་ནས་བེད་སྤྱོད་བྱེད་ཆོག་པའི་གཏན་འབེབས་བྱས་ཡོད། གཞན་ཡང་རི་པིན་གྱི་སློབ་གསོ་སྡེ་ཚན་གྱིས་སློབ་འབྲིང་ལུས་རྩལ་སློབ་གསོའི་ནང་འཛམ་གླིང་དམག་ཆེན་གཉིས་པའི་རིང་རི་པིན་དམག་མིའི་སྦྱོང་བརྡར་རྣམ་གྲངས“མདུང་རྩལ”སློབ་རྒྱུའི་བླང་བྱ་དེ་བཏོན་པར་སྐྱོན་བརྗོད་ཀྱི་སྐད་ཆ་མང་པོ་ཐོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། རི་པིན་ཕྱོགས་ཀྱིས་ལོ་རྒྱུས་གནད་དོན་ཐད་ཀྱི་འགྱུར་ལྡོག་དེ་དག་ལ་སེམས་ཁྲལ་འདུག་གམ་ཞེས་སྐད་ཆ་དྲིས།
         ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་འཕྲིན་སྤེལ་ལ་དོ་སྣང་བྱུང་ཞེས་ཧྭ་ཁྲུན་ཡིང་གིས་བཤད་ཅིང་། ཁོང་གིས་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་ཉེ་རབས་བསླངས་པའི་ཕྱི་ཕྱོགས་ལ་བཙན་འཛུལ་བྱེད་པའི་དམག་འཁྲུག་གིས་ཀྲུང་གོ་དང་དེ་བཞིན་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་ལ་གེགས་བར་ཆེན་པོ་བཟོས་པ་མ་ཟད། རི་པིན་འདི་ཉིད་ཀྱང་མཐར་ཕམ་ཉེས་ཀྱི་ལམ་དུ་ལྷུངས་པའི་ལོ་རྒྱུས་ཀྱི་བསླབ་བྱ་གཏིང་ཟབ་བཞག་ཡོད། “ད་ཆ་རི་པིན་ཕྱོགས་ཀྱིས་དམག་འཁྲུག་སྐབས་ཀྱི་སློབ་གསོའི་བསམ་གཞི་དང་སྦྱོང་བརྡར་རྣམ་གྲངས་སླར་གསོ་བྱ་རྒྱུའི་རེ་ངན་འཆང་བ་དེར་རི་པིན་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་ལམ་ངན་ཐོག་སླར་ཡང་གོམ་པ་སྤོ་རྩིས་ཡོད་པའི་དོགས་པ་མ་ཟ་ཀ་མེད་བྱུང་། དམག་འཁྲུག་གི་ལམ་རྙིང་པའི་ཐོག་སླར་ཡང་སྐྱོད་རྩིས་ཡོད་དམ”ཞེས་གསུངས།
         ཧྭ་ཁྲུན་ཡིང་གིས་རི་པིན་ཕྱོགས་ཀྱི་བྱེད་སྟངས་དེར་རི་པིན་གྱི་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་གི་ཞི་བདེར་མོས་པའི་མི་སྣས་དོགས་ཟོན་བྱེད་འགོ་ཚུགས་ཡོད། རི་པིན་ཕྱོགས་ཀྱིས་ལོ་རྒྱུས་ལ་ལྟ་བ་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་བྱས་ཏེ་ལོ་རྒྱུས་ཀྱི་བསླབ་བྱ་དང་ལེན་བྱས་ནས་འདས་ཟིན་པའི་བཙན་འཛུལ་གྱི་ལོ་རྒྱུས་དང་དབྱེ་བ་གསལ་པོ་ཕྱེ་སྟེ་ནོར་འཁྲུལ་གྱི་ལོ་རྒྱུས་ངོས་འཛིན་ཐོག་ནས་རྒྱལ་དམངས་ལ་ནོར་འཁྲུལ་གྱི་ཁྲིད་སྟོན་བྱེད་མི་རུང་ལ་རི་པིན་སླར་ཡང་དམག་རྒྱལ་རིང་ལུགས་ཀྱི་ཉེན་ཁའི་ཕྱོགས་སུ་བསྐྱོད་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།