འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེའི་ཙུང་ཐུང་ཨོ་ལང་ཏེས་རྒྱལ་ཡོངས་ཛ་དྲག་གི་གནས་སྟངས་སུ་ཟླ་7ཚེས་15
    ཉིན་བར་མུ་མཐུད་གནས་རྒྱུ་ཡིན་ཞེས་བརྗོད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན། གོང་ཚེས་ཉིན་ཧྥ་རན་སེའི་ཙུང་ཐུང་ཨོ་ལང་ཏེས་ཧྥ་རན་སེར་བཅའ་སྡོད་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་གཞུང་དོན་ཁང་ལ་སྦྲགས་བསྐུར་འབར་གས་ཀྱི་དོན་རྐྱེན་དང་ཧྥ་རན་སེའི་ཤར་ལྷོའི་མཚམས་ཀྱི་མཐོ་རིམ་སློབ་འབྲིང་དུ་མེ་མདའ་བརྒྱབ་པའི་གྱོད་གཞི་ཐོན་པ་དེས་རྒྱལ་ཡོངས་ཛ་དྲག་གི་གནས་སྟངས་མུ་མཐུད་གནས་རྒྱུ་ཡིན་པ་ནི་ལུགས་དང་མཐུན་པ་ཞིག་ཡིན་པའི་གསལ་བཤད་ཐུབ་པས། གནས་སྟངས་དེ་ཟླ་7ཚེས་15ཉིན་བར་མུ་མཐུད་གནས་རྒྱུ་ཡིན་ཞེས་བརྗོད།
         ཧྥ་རན་སེའི་ནང་སྲིད་པུའི་མགྲིན་ཚབ་པས་ཧྥ་རན་སེ་སྲིད་གཞུང་གིས་ཐོལ་བྱུང་གི་དོན་རྐྱེན་ཐད་བྱ་སྤྱོད་སྤེལ་ཟིན་པས་མི་རྣམས་སེམས་འཚབ་བྱེད་མི་དགོས་ཞེས་བཤད།
         ཉིན་དེའི་སྔ་དྲོར་ཧྥ་རན་སེར་བཅའ་སྡོད་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་གཞུང་དོན་ཁང་ལ་སྦྲགས་བསྐུར་འབར་གས་ཀྱི་དོན་རྐྱེན་ཐོན་པ་དང་ལས་དོན་པ་ཞིག་གིས་སྦྲགས་བསྐུར་ཁ་ཕྱེ་སྐབས་འབར་ནས་ངོ་གདོང་དང་ལག་པར་རྨས་སྐྱོན་ཕོག་ནའང་སྲོག་ཉེན་བྱུང་མེད། ད་ལྟ་ཧྥ་རན་སེའི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་གྱི་ངོ་བོ་གང་ཡིན་ཐད་རྣམ་འགྱུར་བསྟན་མེད།
         ཚེས་16ཉིན་གྱི་ཉིན་དགུང་མཚམས་སུ་ཧྥ་རན་སེའི་ཤར་ལྷོའི་མཚམས་ཀྱི་གྲོང་ཁྱེར་ཀེ་ལ་སིའི་མཐོ་རིམ་སློབ་འབྲིང་ཞིག་ལ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ཞིང་། མེ་མདའ་བརྒྱབ་ནས་མི་4ལ་རྨས་སྐྱོན་བཏང་བ་དང་། མེ་མདའ་རྒྱག་མཁན་ལོ་17ལ་སླེབས་པའི་མཐོ་རིམ་སློབ་འབྲིང་གི་སློབ་ཕྲུག་ཡིན་པ་དེ་འཛིན་བཟུང་བྱ་ཚུལ་ཧྥ་རན་སེའི་ནང་སྲིད་པུས་སྨྱན་སྦྱོར་ལ་བརྗོད།
         ཧྥ་རན་སེའི་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་ན། ཛ་དྲག་གི་གནས་སྟངས་འོག་ཧྥ་རན་སེའི་སྲིད་གཞུང་གིས་མཚན་འགྲུལ་བཀག་སྡོམ་བྱས་ནས་མི་དང་རླངས་འཁོར་འགྲུལ་བཞུད་ལ་ཚོད་འཛིན་བྱས་པ་དང་རྒྱལ་ནང་དུའང་བདེ་འཇགས་ཁུལ་བཙུགས་ནས་ཉེན་རྟོག་པས་ཁྲིམས་དཔོན་གྱི་གཞུང་ཡིག་མི་དགོས་པར་སྡོད་ཁང་ལ་ཞིབ་བཤེར་བྱས་ནས་སྤྱི་དམངས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་མི་འགྲོ་སྐྱོད་ལ་ཚོད་འཛིན་ཡང་བྱེད་སྲིད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།