འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་སྤེལ་ཉེར་ཡོད་པའི“ཉིང་རྡུལ་མཚོན་ཆ་བཀག་སྡོམ་ཆིངས་ཡིག”གི་གྲོས་
    མོལ་ནང་ཀྲུང་གོ་ཞུགས་ཀྱི་མིན་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངསད་དྲ་བའི་འཕྲིན། ཚེས་20ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཞིབ་འཇུག་གཟབ་ནན་བྱས་པ་བརྒྱུད་ཉིའུ་གཡོད་དུ་སྤེལ་ཉེར་ཡོད་པའི“ཉིང་རྡུལ་མཚོན་ཆ་བཀག་སྡོམ་ཆིངས་ཡིག”གི་གྲོས་མོལ་ནང་ཀྲུང་གོ་ཞུགས་ཀྱི་མིན་ཞེས་བཤད་པ་རེད།
         གསར་འགོད་པ་ཞིག་གིས། ན་ནིང་གི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་གི་འབྲེལ་ཡོད་གྲོས་ཆོད་ལ་གཞིགས་ན། “ཉིང་རྡུལ་མཚོན་ཆ་བཀག་སྡོམ་ཆིངས་ཡིག”གི་གྲོས་མོལ་ཚོགས་འདུ་ཚེས་27ཉིན་ཉིའུ་གཡོད་དུ་འཚོག་རྒྱུ་ཡིན་པ་དང་ཀྲུང་གོས་ན་ནིང་གྲོས་ཆོད་དེའི་ཐད་དབང་ཆ་སྐྱུར་བའི་འདེམས་ཤོག་འཕེན་ཡོད། ད་ལྟ་གྲོས་མོལ་ཚོགས་འདུ་འཚོག་ཉེར་ཡོད་པས་ཀྲུང་གོ་དེའི་ནང་ཞུགས་རྒྱུ་ཡིན་ནམ་ཞེས་དྲིས།
         ཧྭ་ཁྲུན་ཡིང་གིས་ཀྲུང་གོས་མཐར་ཁྱོན་ཡོངས་ནས་ཉིང་རྡུལ་མཚོན་ཆ་བཀག་སྡོམ་དང་རྦད་དེ་མེད་པ་བཟོ་རྒྱུའི་འདོད་ཚུལ་སྔ་ཕྱི་བར་གསུམ་དུ་འཛིན་གྱི་ཡོད་ལ་དར་སྤེལ་ཧུར་ཐག་གཏོང་གི་ཡོད་པ་དེ“ཉིང་རྡུལ་མཚོན་ཆ་བཀག་སྡོམ་ཆིངས་ཡིག”གི་གྲོས་མོལ་དམིགས་ཡུལ་དང་རྩ་བའི་ཐོག་གཅིག་མཚུངས་ཡིན། དེ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་ཀྱིས་དམག་སྤྱོད་ཉིང་རྡུལ་ཉུང་འཕྲི་བྱེད་པའི་དམིགས་ཚད་དེ་བྱེད་ཐེངས་གཅིག་ལ་གྲུབ་ཐུབ་པ་ཞིག་མིན་པས་ངེས་པར་དུ“གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་སྲུང་སྐྱོང”དང“རྒྱལ་ཁབ་ཁག་གི་བདེ་འཇགས་ལ་གནོད་འཚེ་མི་ཕོག་པ་བྱེད་པའི”རྩ་དོན་ལ་བརྩི་སྲུང་ཞུས་ནས་རིམ་པ་བཞིན་སྤེལ་དགོས་པ་དང་། འབྲེལ་ཡོད་འཕེལ་རིམ་ཐད་ངེས་པར་དུ་ད་ཡོད་ཀྱི་རྒྱལ་སྤྱིའི་དམག་མི་ཉུང་འཕྲི་དང་ཉིང་རྡུལ་མཆེད་རྒྱུ་སྔོན་འགོག་གི་ལམ་སྲོལ་འོག་ཐག་གཅོད་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         ཁོང་གིས་ཉེ་དུས་ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ“ཆིངས་ཡིག”གྲོས་མོལ་གྱི་འབྲེལ་ཡོད་གནད་དོན་ཐད་འབྲེལ་ཡོད་ཕྱོགས་ཁག་དང་ལྷག་བསམ་རྣམ་དག་དང་འབྲེལ་གཏུག་ཟབ་མོ་བྱེད་ཀྱི་ཡོད། ཞིབ་འཇུག་གཟབ་ནན་བྱས་པ་བརྒྱུད་ཀྲུང་གོ་ཕྱོགས་ཀྱིས་ཉིན་ཤས་གོང་གྲོས་མོལ་ནང་མི་ཞུགས་རྒྱུའི་ཐག་བཅད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐག་དེ་འདྲ་བཅད་པ་ནི་ད་ཡོད་ཀྱི་རྒྱལ་སྤྱིའི་དམག་ཤུགས་ཚོད་འཛིན་དང་དམག་མི་ཉུང་འཕྲིའི་ལམ་སྲོལ་སྲུང་སྐྱོང་དང་དམག་ཤུགས་ཉུང་འཕྲི་རིམ་པ་བཞིན་བྱ་རྒྱུའི་རྩ་དོན་མཐའ་འཁྱོངས་བྱ་རྒྱུར་བསམ་གཞིག་བྱས་པ་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཐབ་ཇུས་དོ་སྙོམས་དང་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱེད་པའི་འགན་ཁུར་རྣམ་འགྱུར་མཚོན་ཡོད་ཅེས་བཤད་པ་རེད།
         “གྲོས་མོལ་ནང་མ་ཞུགས་ཀྱང་ཀྲུང་གོ་ཕྱོགས་ཀྱིས་མཐར་ཁྱོན་ཡོངས་ནས་ཉིང་རྡུལ་མཚོན་ཆ་བཀག་སྡོམ་དང་རྦད་དེ་མེད་པ་བཟོ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་ལ་འགྱུར་ལྡོག་མེད། དེས་མ་ཚད་ཕྱོགས་ཁག་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་ཉིང་རྡུལ་མཚོན་ཆ་མེད་པའི་འཛམ་གླིང་བསྐྲུན་ཆེད་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུ་ཡིན”ཞེས་ཧྭ་ཁྲུན་ཡིང་གིས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།