འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་གཞི་རིམ་གྱི་སྨན་དོན་ལས་དོན་པས་ཐུམ་འབུའི་ནད་གཞིར་བརྟག་དཔྱད་བྱེད་
    ནུས་ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གཞི་རིམ་གྱི་སྨན་དོན་ལས་དོན་པས་ཐུམ་འབུའི་ནད་གཞིར་བརྟག་དཔྱད་བྱེད་ནུས་ཆེ་རུ་བཏང་སྟེ་2017ལོའི་ཐུམ་འབུའི་ནད་གྲལ་བཤེར་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་གྲུབ་ཡོང་བ་བྱ་ཆེད། ཟླ་3ཚེས་20ཉིན་བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སྤེལ་བའི་ལྗོངས་ཡོངས་ཀྱི་ཐུམ་འབུའི་ནད་ཀྱི་Bསྒྲ་རླབས་བརྟག་དཔྱད་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་རེད།
         ཐུམ་འབུའི་ནད་ནི་རྒྱུ་སྲིན་དཀར་ལེབ་ཀྱི་འབུ་ཕྲ་མིའི་ལུས་པོའི་ནང་འཚོ་གནས་བྱས་ནས་ཐོན་པའི་མི་ཕྱུགས་ཚང་མར་འགོ་བའི་གཞན་རྟེན་སྲིན་འབུའི་ནད་གཞི་ཞིག་ཡིན་པ་དང་རང་རྒྱལ་དུ་ཤ་སྐྲན་རིགས་ཀྱི་ཐུམ་འབུའི་ནད་དང་ཆུ་སྐྲན་རིགས་ཀྱི་ཐུམ་འབུའི་ནད་ཁག་གཉིས་ཡོད། ཐུམ་འབུའི་ནད་གཞི་ཕོག་མཁན་ལ་དང་ཐོག་ནད་རྟགས་གང་ཡང་མེད། ད་ལྟ་ཚད་བརྒལ་སྒྲ་རླབས་ནི་ཐུམ་འབུའི་ནད་གཞིར་བརྟག་དཔྱད་བྱེད་པའི་བྱ་ཐབས་ཡག་ཤོས་དེ་ཡིན་པ་ར་འཕྲོད་པ་དང་པར་བརྙན་ཐོག་ནས་མཐོང་བའི་ཁར་བརྟག་དཔྱད་འབྲས་བུ་མགྱོགས་པ་དང་བདེ་ཐང་ལ་གནོད་འཚེ་མེད།
        རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཐུམ་འབུའི་ནད་འགོག་བཅོས་སུའོ་ཡི་སུའོ་ཀྲང་ཀུན་བཟང་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་(ས་ཁུལ)7དང་རྫོང་(ཆུས་)74ཡི་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་གི་Bསྒྲ་རླབས་སྨན་པ་120ཞུགས་ཡོད། “ད་རེས་ཀྱི་གསོ་སྦྱོང་དགེ་རྒན་ཆེ་མོ་བ་རྣམ་རྒྱལ་དགེ་ལེགས་དང་ཝུའེ་ཝེ་རྣམ་གཉིས་མཚོ་སྔོན་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་ནས་ཡིན་པ་དང་ཁོང་གཉིས་པོར་དེའི་ཐད་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ལྷག་པར་དུ་དགེ་རྒན་ཆེ་མོ་བ་རྣམ་རྒྱལ་དགེ་ལེགས་མཚོ་སྔོན་དུ་ཐུམ་འབུའི་ནད་ཀྱི་གཟུགས་བརྙན་བརྟག་དཔྱད་ལས་ཀ་བྱས་ནས་ལོ་ཉི་ཤུ་ལྷག་ཙམ་སོང་བས་རིགས་པའི་གཞུང་ལུགས་དང་སྨན་བཅོས་གཉིས་ཀར་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ཅེས་བརྗོད་ཆོག”ཅེས་ཀུན་བཟང་ཆོས་སྒྲོན་གྱིས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གསོ་སྦྱོང་སློབ་ཚན་དུས་ཡུན་ཉིན་གཉིས་ཡིན་པ་དང་ནང་དོན་གྲས་སུ་ཚད་བརྒལ་སྒྲ་རླབས་ཀྱི་རྨང་གཞི་དང་། མཆིན་པ་གཤག་དཔྱད་རྨང་གཞི། མཆིན་པའི་ཐུམ་འབུའི་ཚད་བརྒལ་སྒྲ་རླབས་ཀྱི་བརྟག་དཔྱད་སོགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།