འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་གཞི་རྩའི་ལུས་རྩལ་ལུས་སྦྱོང་སྒྲིག་ཆས་སང་ལོར་ཁྱོན་ཡོངས་ལ་ཁྱབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་དམངས་ཡོངས་ལུས་སྦྱོང་འདུ་འགོད་ཀྱི་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུ་གཞོང་ཐང་ཆུས་སུ་སྤེལ་བ་དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ལུས་སྦྱོང་འདུ་འགོད་ལག་བསྟར་ལས་དོན་དངོས་སུ་འགོ་ཚུགས་པ་མཚོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་2016ལོར་གཞི་རིམ་997(ཤང་གྲོང་དང་། སྲིད་འཛིན་གྲོང་ཚོ། དགོན་སྡེ། སྡེ་ཁུལ་)ལ་ལུས་རྩལ་ལུས་སྦྱོང་ཡོ་བྱད་997སྒྲིག་སྦྱོར་བྱས་པའི་རྨང་གཞིའི་ཐོག་དམངས་ཡོངས་ལུས་སྦྱོང་འདུ་འགོད་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1.18བརྩོན་ལེན་བྱས་ཡོད། མ་དངུལ་གཏོང་ཚད་གོང་གི་ལོ་10ཡི་བསྡོམས་འབོར་ལས་བརྒལ་བ་དང་2018ལོའི་ལོ་མཇུག་ཏུ་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་ལུས་རྩལ་ལུས་སྦྱོང་སྒྲིག་ཆས་ཁྱོན་ཡོངས་ལ་ཁྱབ་རྒྱུ་རེད།
        དམངས་ཡོངས་ཀྱི་ལུས་སྦྱོང་འདུ་འགོད་ཁྱོན་ཡོངས་ལ་ཁྱབ་པའི་ལས་དོན་ལ་རྒྱ་ཆེའི་མང་ཚོགས་ཀྱིས“བདེ་སྐྱིད་འདུ་འགོད”དང“དམངས་འཚོའི་འདུ་འགོད”ཅེས་བརྗོད་ཀྱི་ཡོད། ད་ཐེངས་མཚོ་ཤར་གྲོང་ཁྱེར་ཁོ་ནར་སྤྲད་པའི་མ་དངུལ་སྒོར་ཁྲི་4000ལྷག་ཙམ་ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་མ་འཇོག་བསྡོམས་འབོར་གྱི་གསུམ་ཆ་གཅིག་བཟུང་བ་དང་དེས་མ་ཚད་མཚོ་ཤར་གྱི་རིམ་ཁག་སྲིད་གཞུང་གནས་ཡུལ་འཛུགས་སྐྲུན་ལ་བཏང་བའི་མ་དངུལ་དང་རྒྱ་ཆེའི་ཞིང་པས་ངལ་ནུས་བཏོན་པ་དང་དེ་བཞིན་ཁེ་ལས་ཁག་གིས་ལེགས་སྐྱེས་ཕུལ་བའི་ཆ་ཤས་བསྡོམས་ན། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་2ཙམ་ཟིན་གྱི་ཡོད།
         ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་2017ལོའི་དམངས་ཡོངས་ལུས་སྦྱོང་འདུ་འགོད་ཀྱི་ལག་བསྟར་ཇུས་གཞི་བཀོད་སྒྲིག་བྱས་པ་དང་མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འདུ་འགོད་ལག་བསྟར་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད་སླར་ཡང་སྐུལ་སློང་དང་བཀོད་སྒྲིག་བྱས་ཡོད། གྲོ་ཚང་ཆུས་ཀྱིས་ཉེ་བའི་ལོ་གཉིས་རིང་ཞིང་པའི་ལུས་སྦྱོང་འདུ་འགོད་གཙོ་བོར་བྱེད་པའི་དམངས་ཡོངས་ལུས་སྦྱོང་སྒྲིག་བཀོད་འཛུགས་སྐྲུན་དང་། དོ་དམ། བེད་སྤྱོད་བཅས་ཀྱི་ཉམས་མྱོང་ངོ་སྤྲོད་བྱས་པ་དང་སྒྲུབ་འགན་འཁུར་མཁན་ཁེ་ལས་ཀྱི་འཐུས་མིས་རྣམ་འགྱུར་སྟོན་པའི་གཏམ་བཤད་སྤེལ་བ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་དང་《དམིགས་ཚད་ཀྱི་འགན་འཁྲིའི་ཡི་གེ་》བཞག་པ། སྒྲུབ་འགན་འཁུར་མཁན་ཁེ་ལས་ཁག་གིས་ཆུས་དང་རྫོང་ཁག་ལ་《ཕྱིར་ཚོང་ཞབས་ཞུའི་ཁས་ལེན་ཡི་གེ་》ཕུལ་བ་རེད།
         ཚོགས་ཞུགས་མི་སྣས་གཞོང་ཐང་ཆུས་གཞོང་ཐང་གྲོང་རྡལ་ཀྲང་ཅ་ཀྲའེ་གྲོང་ཚོ་དང་མཱ་དབྱི་གྲོང་གསར་གྱི་དམངས་ཡོངས་ལུས་སྦྱོང་ས་ཚིགས་སུ་དངོས་སུ་ལྟ་སྦྱོང་བརྟག་ཞིབ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།