འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འདུ་ཤེས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རིམ་བཞིན་ཆེ་རུ་འགྲོ་བར་དགའ་བས་ལྟ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་་ཀ་ནི་་ཐན་གྱི་གནད་དོན་སྐོར་གྱི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱས་ཤིང་། ཀྲུང་གོས་བཏོན་པའི“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”ཅེས་པའི་འདུ་ཤེས་གལ་ཆེན་དེའང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ནང་ཐོག་མར་བཅུག་པ་དང་། འདི་ལོའི་ཟླ་བ་གཉིས་པར་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཚོགས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་འཚོགས་པའི་ཚོགས་འདུ་སྐབས་ང་ལྔའི་ཐོག“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”ཅེས་པའི་འདུ་ཤེས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ནང་ཐོག་མར་བཀོད་པ། ན་ནིང་གི་ཟླ་བཅུ་གཅིག་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཅིག་པས“རྒྱུད་གཅིག་ལམ་གཅིག”ཅེས་པ་གྲོས་ཆོད་ནང་ཐོག་མར་བཀོད་ཡོད།
         རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་ཕྱོགས་མང་ལམ་སྲོལ་ལ་ཆ་མཚོན་ན། ཀྲུང་གོས་བཏོན་པའི་གྲོས་འགོ་དང་ཇུས་གཞིར་དོ་ཁུར་ཐོབ་ཤུགས་དང་དང་ལེན་བྱེད་ཤུགས་ཀྱང་སྔར་བས་ཆེ་རུ་འགྲོ་བཞིན་ཡོད། འདི་ལོའི་ལོ་འགོར་ཀྲུང་གོའི་འགོ་ཁྲིད་པས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝར་ཡོད་པའི་སྤྱི་ཁྱབ་པུར་གནང་བའི་གསུང་བཤད་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད།
         རྒྱལ་སྤྱིའི་སྨྱན་སྦྱོར་ཁྲོད་ཀྱི་ཀྲུང་གོའི་སྐོར་གྱི་གསར་འགྱུར་རིན་ཐང་དང་ཀློག་པ་པོར་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་འགྲོ་ཞིང་། ཤིན་ཧྭ་དྲ་བའི་གླེང་ཕྱོགས་ཀྱི་གནས་ཚུལ་སྐོར་གྱི་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་ལས་མངོན་པར། ཕྱི་རྒྱལ་གྱི་གླེང་ཕྱོགས་ཀྱིས་འདི་ལོའི་ཚོགས་འདུ་གཉིས་ལ་དོ་ཁུར་བྱེད་ཚུལ་ཐད་ཀྱི་བསྡུར་གྲངས་དེ་ན་ནིང་ལས་80.89%མཐོ་རུ་སོང་བ་དང་ཆབས་ཅིག“ཀྲུང་གོར་ལྟ་ཞིབ་དང་མཉམ་སྤྱོད་མིག་ལྟོས”ཀྱི་གླེང་ཕྱོགས་ཀྱི་རྣམ་པ་ཞིག་ཁྱོན་ཡོངས་ནས་མངོན་གྱི་ཡོད། “རྒྱུད་གཅིག་ལམ་གཅིག”དང་། “མཉམ་ལས་ཀུན་ཕན”“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”སོགས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གནད་ཚིག་ཕྱི་རྒྱལ་གྱི་སྨྱན་སྦྱོར་ཐོག་ཐོན་ཚད་ཇེ་མང་དུ་འགྲོ་གི་ཡོད།
         རྒྱལ་སྤྱིའི་མི་སྣ་མི་ཉུང་བ་ཞིག་གིས་ཀྲུང་གོའི་རིག་གནས་ནང་འདུས་པའི་བློ་གྲོས་དེ་ཀྲུང་གོ་གཅིག་པུར་དབང་བ་ཞིག་མིན་པར་འཛམ་གླིང་ཡོངས་ལའང་དབང་བའི་ངོས་འཛིན་གནང་གི་ཡོད། “ཀྲུང་གོའི་སྲོལ་རྒྱུན་གྱི་བློ་གྲོས་བསམ་བློ་དང་ཕུགས་དམིགས་ལྟ་ཚུལ་དེ་འཛམ་གླིང་གི་གནད་དོན་ཐག་གཅོད་བྱ་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན”ཞེས་པེར་ཀྲེམ་གྱི་རྒྱལ་པོ་ཕེ་ལེ་ཕུའུ་ཡིས་མྱོང་བ་ཟབ་མོས་གསུངས་ཡོད། ཨུ་རུ་སུ་མི་དམངས་མཛའ་གྲོགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཐ་ཕུའུ་ལོ་ཕུའུ་སི་ཅི་ཡིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དར་སྤེལ་གཏོང་བའི“འཆམ་མཐུན་སྤྱི་བཀུར”དང“གཉིས་ཁེ་གཉིས་ཕན”ཞེས་པའི་རྒྱལ་སྤྱིའི་འབྲེལ་བའི་འདུ་ཤེས་འཛམ་གླིང་གི་ཁྱབ་ཁོངས་ནང་བསྐྱར་དར་ཡོང་བཞིན་པའི་ངོས་འཛིན་གནང་ཡོད། “ཤར་ཕྱོགས་ཀྱི་ཀུན་སྤྱོད་ཚད་གཞི་དང་རིན་ཐང་འདུ་ཤེས་ཀྱི་སྡོང་པོར་རྒྱལ་སྤྱིའི་སྒྲིག་ལམ་ནང་མེ་ཏོག་བཞད་ནས་འབྲས་བུ་འདོགས་རྒྱུ་ཡིན”
        རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་བྱུང་ཚུན་ཉམས་ཉེན་བྱུང་རྐྱེན་ཞིག་ཡིན་པའི་ནུབ་ཕྱོགས་ཀྱི་ཆབ་སྲིད་དཔལ་འབྱོར་ལམ་ལུགས་ཁག་གཅིག་ལ་ཚ་འདྲི་དང་དོགས་འདྲི་ཕོག་ཇེ་ཆེར་འགྲོ་བ་དང་བསྡུར་ན་ཀྲུང་གོ་བརྟན་པོའི་ངང་འཕེལ་རྒྱས་དང་རྒྱལ་སྤྱིའི་གནས་བབ་རིམ་བཞིན་མཐོ་རུ་སོང་ནས་ཀྲུང་གོའི་འདུ་ཤེས་ཀྱི་ཤུགས་རྐྱེན་རྒྱལ་སྤྱིར་ཐེབས་ཤུགས་ཉིན་བཞིན་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་ཐེབས་ཡོད།
         ཀྲུང་གོས་དར་སྤེལ་གཏོང་བའི་འདུ་ཤེས་རབ་དང་རིམ་པ་དག་རྒྱལ་སྤྱིའི་གར་སྟེགས་ཐོག་ཇི་ཙམ་སྤེལ་བ་དེ་ཙམ་གྱིས་མི་སེམས་ལ་ཟུག་ནས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་སྔར་བས་ཆེ་བ་ཞིག་ཐོན་རྒྱུ་ཡིན་པ་ནི་སྨོས་ཅི་དགོས།
      

    ཕྱོགས་བསྡུས་གསར་འགྱུར།