འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁྲིམས་ར་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་21ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་4ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཉེ་དུས་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁྲིམས་ར་ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དུ་བཙུགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཁྲིམས་ར་དེར་མི་6ཡོད་པ་དང་འགན་ནུས་གཙོ་བོ་དེ་གཙང་གསུམ་ཆུ་འགོའི་ས་ཁུལ་དང་འབྲེལ་བ་ཡོད་པའི་སྣོད་བཅུད་སྲུང་སྐྱོང་འདྲི་གཅོད་དང་དམངས་དོན་དང་ཉེས་དོན་ཞུ་གཏུག་གྱོད་གཞི་གཅིག་སྡུད་ཐོག་བདག་སྤྲོད་བྱ་རྒྱུ་དེ་ཁོར་ཡུག་སྦགས་བཙོག་སྔོན་འགོག་བཅོས་སྒྲིག་དང་གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་གྱོད་གཞི་དང་དེ་བཞིན་སྣོད་བཅུད་ཐོན་ཁུངས་ལ་གནོད་སྐྱོན་གཏོང་བའི་སྐྱིན་ཚབ་ཞུ་གཏུག་གྱོད་གཞི་སོགས་ལ་ཁྱབ་ཡོད།
         ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་ཡོའན་ཀྲང་དབྱི་ཀྲེན་ཅང་གིས“གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁྲིམས་ར་བཙུགས་པ་དེས་དམངས་དོན་དང་། ཉེས་དོན། སྲིད་འཛིན་བཅས་གསུམ་ཐད‘འདྲི་གཅོད་ཁག་གསུམ་གཅིག་ཏུ་འགྲིལ་བའི’འདྲི་གཅོད་རྣམ་པ་སྤྱད་དེ་གཙང་གསུམ་ཆུ་འགོའི་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་སྣ་ཚོགས་ཁྲིམས་ལྟར་འདྲི་གཅོད་བྱས་ནས་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཐད་ཁྲིམས་འཛིན་གྱི་འགན་ལེན་བྱ་རྒྱུར་སྐུལ་མ་བཏང་ནས་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁྲིམས་འཛིན་སྲུང་སྐྱོང་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་ཐུབ་རྒྱུ་རེད”ཅེས་བཤད།
          མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོའན་ཀྲང་གཞོན་པ་མན་ཀྲེ་ཧྥང་གིས་ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁྲིམས་ར་ནི་མཚོ་སྔོན་གྱི་ཆེད་ལས་ཁྲིམས་ར་ཐོག་མ་དེ་རེད་ཅེས་བཤད།
          མཚོ་སྔོན་ཞིང་ཆེན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པས“ཀྲུང་ཧྭ་ཡི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཀྱི་ཡོད། ཡུལ་ཤུལ་ཀྲོའུ་ནི་ཨེ་ཤེ་ཡའི་གནམ་གཤིས་འགྱུར་ལྡོག་ཚོར་སྣང་ཟབ་ཤོས་དང་སྐྱེ་དངོས་སྣ་མང་ཅན་གཅིག་སྡུད་ཁུལ་ཡིན་པས་སྣོད་བཅུད་གནས་ཡུལ་གལ་ཆེན་ཞིག་རེད། 
      

    ཕྱོགས་བསྡུས་གསར་འགྱུར།