འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ནགས་བཟོ་བར་ཁེ་ཕན་ཐོབ་པ་དང་ཁེ་ཕན་ཐོབ་མཁན་ནགས་བཟོ་བྱེད་དུ་འཇུག་པ།

    —— སི་ཁྲོན་གྱིས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་བརྟན་པོ་བསྐྲུན་པའི་སྐོར།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་21ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྨུག་པའི་ཁྲོད་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྔོ་ལྗང་ས་གཞིར་དཔྱིད་ཀྱི་ཉི་ཟེར་འཕྲོས་པས། སྔོ་ལྗང་ཐིང་ཐིང་གི་ས་གཞིའི་སྟེང་ཡུལ་མིའི་སྡོད་ཁང་སྟར་པ་རེ་རེ་བཞིན་རབ་རིབ་མཐོང་ལ། མེ་ཏོག་གི་དྲི་ཞིམ་དང་། འདབ་ཆགས་ཀྱི་སྐད་སྒྲ། དབེན་པའི་ནགས་གསེབ་བཅས་ཀྱི་ཁྲོད་དབུགས་རིང་ཞིག་འབྱིན་ཚེ་བློ་བདེ་བག་ཕེབས་ཀྱི་ཚོར་སྣང་ཞིག་ཡོང་གི་ཡོད་པ་དེ་ནི་གསར་འགོད་པས་ཉེ་ཆར་སི་ཁྲོན་ཞིང་ཆེན་འོབས་ལུང་དམིགས་བསལ་སྲིད་འཛིན་ཁུལ་ཀེང་ཏ་གྲོང་རྡལ་བདེ་སྐྱིད་གྲོང་ཚོ་ནས་མཐོང་བའི་རྣམ་པ་ཞིག་རེད།
         ཀེང་ཏ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཝང་ཝེ་ཅུས་ཀྱིས་2012ལོར་བདེ་སྐྱིད་གྲོང་ཚོའི་ཡོང་འབབ་སྒོར་ཁྲི་1305ཙམ་ལས་ཟིན་མེད་པ་དང་ཞབས་ཞུའི་ལས་རིགས་ཀྱི་ཡོང་འབབ་སྒོར་ཁྲི་8ལས་མེད། 2016ལོར་སླེབས་སྐབས་ཡོང་འབབ་སྒོར་ཁྲི་2056ཟིན་པ་དེའི་ནང་ཞབས་ཞུའི་ལས་རིགས་ཀྱི་ཡོང་འབབ་སྒོར་ཁྲི་520ཟིན་ཡོད། ཝང་ཝེ་ཅུས་ཀྱིས“བདེ་སྐྱིད་གྲོང་ཚོའི་བདེ་སྐྱིད་འཚོ་བ་ནི་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭའི་སྲིད་ཇུས་དོན་འཁྱོལ་བྱས་པ་ལས་བྱུང་ཡོད”ཅེས་བཤད།
         འོབས་ལུང་ལ“དོམ་ཁྲའི་ཕ་ཡུལ”ཞེས་གྲགས་ཤིང་། འོབས་ལུང་དམིགས་བསལ་སྲིད་འཛིན་ཁུལ་ཐོན་ཁུངས་དོ་དམ་ཅུས་ཀྱི་ཅུས་ཀྲང་དབྱང་ཞའོ་ཅུན་གྱིས་བདེ་སྐྱིད་གྲོང་ཚོར་བྱུང་བའི་འགྱུར་ལྡོག་ནི་འོབས་ལུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་བསྐྲུན་པའི་བསྡུས་རིས་ཤིག་རེད་ཅེས་བཤད།
         ལོ་རྒྱུས་ཀྱིས་རྐྱེན་པས་འོབས་ལུང་སྲུང་སྐྱོང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་དཀའ་མོ་ཡོད། གནས་བབ་དེར་འགྱུར་ལྡོག་གཏོང་ཆེད། འོབས་ལུང་གིས་རྒྱལ་ཡོངས་ཀྱི་སྔོན་དུ་སྡེ་ཁུལ་གྱིས་མཉམ་དུ་དོ་དམ་དང་མི་སེར་ཐད་ཀར་ཞུགས་པའི་རང་བྱུང་ནགས་ཚལ་གྱི“གྲོས་མཐུན་བདག་སྐྱོང”བྱ་ཐབས་དང་རྨོ་བསྐྱུར་ནགས་བཟོའི“འགན་འཁྲི་བདག་སྐྱོང”བྱ་ཐབས་ཁྱབ་གདལ་བཏང་སྟེ། སྣོད་བཅུད་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་ཐོག་ནས་མང་ཚོགས་ལ་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ཁྲོད་ཞུགས་རྒྱུར་སྐུལ་མ་བཏང་ནས་ས་ཆ་དེ་གའི་ཞིང་འབྲོག་པར་གཏན་འཇགས་ཀྱི་ཡོང་འབབ་རག་ཐབས་བྱས་པ་སྟེ། སྲུང་སྐྱོང་ཁུལ་གྱི་སྤྱི་ཆིང་ཁྲི་13ལྷག་ཙམ་གྱི་རང་བྱུང་ནགས་ཚལ་ལྟ་སྐུལ་དོ་དམ་འགན་འཁྲི་ཞིབ་ཕྲའི་བདག་སྐྱོང་བྱེད་མཁན་ཐོག་དོན་འཁྱོལ་བྱས་པ་རེད།
         ལོ་30གོང་གི་འོབས་ལུང་དུ་མང་ཚོགས་ཀྱིས་བུད་ཤིང་སྤྱད་ནས་རྒྱུན་གཏན་གྱི་འཚོ་བའི་དགོས་མཁོ་སྐོང་གི་ཡོད་པས། ་ལོ་གཅིག་གི་ཆ་སྙོམས་བུད་ཤིང་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་4500ཟིན་པ་དེས་ནགས་ཚལ་ཐོན་ཁུངས་ཟད་པ་མ་ཟད། ད་དུང་དོམ་ཁྲ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གདོད་མའི་འཚོ་སྡོད་ཁུལ་ལ་རིམ་བཞིན་གཏོར་སྐྱོན་ཐེབས། རྗེས་སུ་སྲུང་སྐྱོང་ཁུལ་གྱིས“གློག་གིས་བུད་ཤིང་གི་ཚབ་བྱ་རྒྱུ”ཁྱབ་གདལ་བཏང་ནས་གྲོང་གསེབ་ལ་གློག་རིན་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཏེ་ལོ་ལྟར་སྲུང་སྐྱོང་ཁུལ་གྱི་མང་ཚོགས་ལ་ཁ་གསབ་སྒོར་ཁྲི་230ལྷག་ཙམ་སྤྲོད་པ་དང་གློག་རིན་ཏུའུ་རེར་སྒོར་0.1ལས་ལེན་གྱི་མེད་པས་ལོ་ལྟར་མི་རེའི་ཆ་སྙོམས་གཏོང་སྒོ་སྒོར་480ཉུང་དུ་སོང་ཡོད།
         དབྱང་ཞའོ་ཅུན་གྱིས་སྲུང་སྐྱོང་ཁུལ་གྱི་མང་ཚོགས་ཀྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་ནང་ཞུགས་པ་བརྒྱུད་དངོས་ཕན་ཐོབ་ཡོད་པ་སྟེ། ལོ་ལྟར་རང་བྱུང་ནགས་ཚལ་བདག་སྐྱོང་ནང་ཞུགས་མཁན་མི་རེར་ཆ་སྙོམས་ཡོང་འབབ་སྒོར་690དང་། ཕྱི་ཕྱོགས་སུ་སྐོར་ཞིབ་བདག་སྐྱོང་བྱེད་མཁན་མི་རེར་ཆ་སྙོམས་ཡོང་འབབ་སྒོར་12000 དུད་ཚང་དབུལ་པོའི་སྣོད་བཅུད་ནགས་སྲུང་བྱེད་མཁན་མི་རེར་ཆ་སྙོམས་ཡོང་འབབ་སྒོར་10000 རྨོ་བསྐྱུར་ནགས་བཟོ་བྱེད་མཁན་མི་རེར་ཆ་སྙོམས་ཡོང་འབབ་སྒོར་260བཅས་བྱུང་བ་དང་མི་རེར་རྩྭ་ཐང་སྣོད་བཅུད་བྱ་དགའ་དང་ཁ་གསབ་ཆ་སྙོམས་སྒོར་300ནས་700བར་བྱུང་ཡོད་ཅེས་ངོ་སྤྲོད་བྱས།
          དེས་ན། སི་ཁྲོན་དུ་མི་སེར་ཇེ་མང་ཞིག་གིས་ནགས་བཟོ་ནགས་སྐྱོང་ནང་ཞུགས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་འཛུགས་སྐྲུན་ཧུར་ཐག་བྱས་པ་རེད།
    སི་ཁྲོན་ཤར་རྒྱུད་ཀྱི་ཏ་པ་རི་རྒྱུད་སྨི་ཚང་རི་བོའི་ལྷོ་རྒྱུད་དུ་གནས་པའི་ཐུང་ཅང་རྫོང་ཐེ་ཁྲང་ཧོ་ནགས་རའི་ནགས་སྲུང་བ་ཅིན་ཞང་ཅུན་གྱིས་ལོ་མང་རིང་གསོམ་ཤིང་སྡོང་ཕྲུག་ཁྲི་64བཏབ་ནས་མུའུ་4000ཡོད་པའི་ཐང་རྒོད་སྔོ་ལྗང་ཅན་དུ་གྱུར་ཡོད།
         ཕན་ཀྲི་ཧྭ་གྲོང་ཁྱེར་རིན་ཧོ་ཆུས་ཧྥོ་ཐན་གྲོང་རྡལ་གྱི་རི་བོར་གྲོང་མི་ཚོས་ཨ་མྲའི་ཤིང་སྡོང་ཕྲུག་བཏབ་ཡོད། རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་གྲོང་རྡལ་དེའི་མུའུ་ཁྲི་2.8ཀྱི་རི་ཁུལ་ལ་སྔོ་ཐིང་ཐིང་གི་ཨ་མྲའི་སྡོང་པོས་ཁེབས་ཤིང་། ཞིང་པར་ཡོང་འབབ་བྱུང་བ་མ་ཟད། རི་བོ་སྔོ་ལྗང་དུ་གྱུར་ཡོད།
         སི་ཁྲོན་ནུབ་རྒྱུད་ས་མཐོའི་བོད་རིགས་ས་ཁུལ་གྱི་སེར་ཁུལ་རྫོང་སེལ་ཤུལ་གྲོང་རྡལ་དུ་གསར་འགོད་པར་ལྕགས་དྲས་སྐོར་བའི་རྩྭ་ར་ཞིག་ཏུ་གཟན་རྩྭ་མང་པོ་སྐྱེས་པ་མཐོང་བྱུང་། ས་གནས་དེ་གའི་འབྲོག་པས་ལོ་ཤས་གོང་དེ་གར“ས་ནག་གྲམ་ཐང”ཡིན་པ་དང་རྩྭ་གཏན་ནས་སྐྱེ་ཡི་མེད། 2015ལོར་ས་གནས་དེ་གའི་ཞིང་འབྲོག་པས་མཉམ་ལས་ཁང་གི་རྣམ་པ་བརྒྱུད་སྒོ་ཁར་ཞན་གྱུར་བྱས་པའི་རྩྭ་ཐང་ཐོག་རྩྭབཏབ་ནས་སྲུང་སྐྱོང་བྱས་པས། སྣོད་བཅུད་ཉམས་སླར་གསོ་ཐུབ་ཡོད་ཅེས་བཤད།
         སི་ཁྲོན་གྱིས་2020ལོར་སླེབས་སྐབས་ནགས་ཚལ་ཁྱབ་ཚད་40%ཟིན་པ་བྱ་རྒྱུའི་འཆར་གཞི་བཀོད་ཡོད་པ་དེའི་ཁྲོད་2017ལོར་ནོར་བཟོ་མུའུ་ཁྲི་1000ཡན་བྱ་རྒྱུ་ཡིན་པ་རེད།
         “ང་ཚོས་ད་དུང་སི་ཁྲོན་ཡོངས་སུ་ལྗང་མདོག་བྱ་སྤྱོད་ལག་ལེན་བསྟར་ཏེ་ནགས་ཚལ་དང་། རྩྭ་ཐང་། འདམ་ར། བྱེ་ཐང་བཅས་སྣོད་བཅུད་མ་ལག་གི་ནུས་པ་དང་ཕན་འབྲས་ཆེ་རུ་བཏང་སྟེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་བརྟན་དུ་བཏང་ནས་སི་ཁྲོན་གྱི་རི་ཀླུང་སྔོ་ལྗང་དང་། རྩི་ཤིང་འཛུགས་དགོས་སར་རྩི་ཤིང་བཙུགས་ཏེ་2020ལོར་སླེབས་སྐབས་ནགས་ཚལ་མུའུ་ཁྲི་3000ཙམ་གསར་འཕར་ཐུབ་པ་བྱ་རྒྱུ་ཡིན”ཞེས་སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་ཡའོ་སི་ཏན་གྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།