འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱི་བདེ་སྐྱིད་ལས་མངོན་པ་བྱེད་དགོས།

    —— སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཇི་ལྟར་བྱས་ནས་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་སར་ལན་བསྐྱོན་ཡོད་དམ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་07ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་5ཉིན་འགོ་ཚུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རི་ཆུ་སྲུང་སྐྱོང་ལ་ལྷོད་གཡེང་གཏན་ནས་མི་གཏོང་བ་དང་། རྒྱུན་སྲིང་ལྷོད་མེད་ངང་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་དོན་དམ་པའི་གནས་ལུགས་དེ་མི་དམངས་ཀྱི་བདེ་སྐྱིད་ནས་མངོན་པ་བཅས་བྱེད་དགོས་ཞེས་གསུངས་ཡོད། སྙན་སྒྲོན་ནང“མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བ་དང་རེ་སྒུག་ཆེན་པོ་བྱེད་པའི”གླེང་མང་བའི་གནད་དོན་མང་པོར་ལན་བསྐྱོན་ཡོད།
         གླེང་མང་བའི་གནད་དོན་དང་པོ། ཇི་ལྟར་བྱས་ནས་དངོས་ཚན་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་བྱེད་དགོས་སམ།
         བརྡ་ལན་གྱི་བཀྲག་མདངས་འཚེར་ས། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་ལྡན་པའི་དུས་རབས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།
         སྙན་སྒྲོན་ནང་ཀུན་གྱིས་དོ་སྣང་བྱེད་ས། གསར་གཏོད་ལ་བརྟེན་ནས་དངོས་ཚན་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་བྱེད་པ་དང་། དམངས་ཀྱིས་བྱ་གཞག་སྐྲུན་རྒྱུ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ། སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། “ཀྲུང་གོའི་བཟོ་བོ”མང་པོ་སྐྱེད་སྲིང་བྱེད་པ་དང་འཛམ་གླིང་དུ་སྐད་གྲགས་ཆོད་པའི“ཀྲུང་གོའི་སྤུས་རྟགས”དེ་བས་མང་བ་བཏོད་དེ་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་ལྡན་པའི་དུས་རབས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་སོ།
        དཔྱད་བརྗོད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མའོ་ཡུང་ཧུང་གིས་གསར་གཏོད་ལ་བརྟེན་ནས་སྐུལ་མ་གཏོང་རྒྱུ་དེས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་འགག་བཏོན་ཡོད། རྒྱུན་མཐུད་གསར་གཏོད་བྱས་ཚེ། དཔལ་འབྱོར་འཕེལ་རྒྱས་ལ་གཞི་ནས་སྒུལ་ཤུགས་ཆེན་པོ་ཐོན་ཐུབ། “ཀྲུང་གོའི་ལན་པར་སྐྲུན”དེ“ཀྲུང་གོའི་རིག་སྐྲུན”དང“ཀྲུང་གོའི་སྤུས་སྐྲུན”དུ་རིམ་སྤོར་ཐུབ་ཚེ། གཞི་ནས་དེ་བས་མང་བའི་ཀྲུང་གོའི་སྤུས་རྟགས་གཏོད་ཐུབ།
        གླེང་མང་བའི་གནད་དོན་གཉིས་པ། དབུལ་སྒྲོལ་འགག་སྒྲོལ་ཐད་བླང་བྱ་གསར་པ་གང་དག་བཏོན་ཡོད་དམ།
        བརྡ་ལན་གྱི་བཀྲག་མདངས་འཚེར་ས། དབུལ་སྒྲོལ་རྫུན་མ་དང་། “ཨུ་ཚུགས་དབུལ་སྒྲོལ” གྲངས་འཛིན་དབུལ་སྒྲོལ་བཅས་ཐག་གཅོད་ནན་པོ་བྱེད་པ།
        སྙན་སྒྲོན་ནང་ཀུན་གྱིས་དོ་སྣང་བྱེད་ས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལག་བསྟར་གཏིང་ཟབ་བྱས་ཏེ་འདི་ལོ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་བ་དང་། མི་ཁྲི་340ས་ཆ་གཞན་དུ་གནས་སྤོས་དབུལ་སྐྱོར་ཐུབ་པ་བྱེད་པ། ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་30%ཡན་སྤོར་ཐུབ་པ་བྱེད་པ། དབུལ་སྒྲོལ་རྫུས་མ་དང་། “ཨུ་ཚུགས་དབུལ་སྒྲོལ” གྲངས་འཛིན་དབུལ་སྒྲོལ་བཅས་ཀྱི་གནད་དོན་ཐག་གཅོད་ནན་པོ་བྱས་ཏེ་དབུལ་སྒྲོལ་ལས་དོན་ལ་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པ་བྱ་རྒྱུའི་འགན་ལེན་བཅས་བྱེད་དགོས།
        དཔྱད་བརྗོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཞ་ཐུང་ཤིང་རྫོང་ལུའོ་ཅ་ཧོ་དབན་གྲོང་ཚོའི་སྨན་པ་མཱ་ཡུས་ཧྭས་ཀྲུང་དབྱང་གི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཧ་ཅང་ཡག་པོ་འདུག གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་ཁག་གཅིག་ལ་དེ་ལས་ཕན་པ་ཐོབ་ཡོད། དབུལ་སྒྲོལ་ཐུབ་མིན་དེ་དུད་ཚང་དབུལ་པོའི་འཚོ་བ་ལེགས་སུ་ཕྱིན་མིན་དང་ཐད་ཀར་འབྲེལ་བ་ཡོད་པས་ཁོང་ཚོའི་སྙིང་གཏམ་མང་ཙམ་ཉན་དགོས་ཞེས་གསུངས།
         གླེང་མང་བའི་གནད་དོན་གསུམ་པ། ཇི་ལྟར་བྱས་ནས་ཁྲལ་དངུལ་ཆག་ཡང་དང་གྲོན་དངུལ་ཉུང་གཏོང་གི་ལས་དོན་ལ་སྐུལ་འདེད་གཏོང་དགོས་སམ།
        བརྡ་ལན་གྱི་བཀྲག་མདངས་འཚེར་ས། ལོ་ཧྲིལ་པོར་ཁེ་ལས་ཀྱི་ཁྲལ་འཕྲི་སྒོར་དུང་ཕྱུར་3500ཡས་མས་དང་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུ་སྒོར་དུང་ཕྱུར་2000ཙམ་སླར་ཡང་ཉུང་དུ་གཏོང་རྒྱུ།
        སྙན་སྒྲོན་ནང་ཀུན་གྱིས་དོ་སྣང་བྱེད་ས། ལོ་ཧྲིལ་པོར་ཁེ་ལས་ཀྱི་ཁྲལ་འཕྲི་སྒོར་དུང་ཕྱུར་3500ཡས་མས་དང་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུ་སྒོར་དུང་ཕྱུར་2000ཙམ་སླར་ཡང་ཉུང་དུ་གཏོང་བ་དེ་ངེས་པར་དུ་ཁྲོམ་རའི་བྱེད་པོར་མྱོང་ཚོར་ཟབ་མོ་ཐུབ་པ་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་གྲོན་ཆུང་བསྲི་ཚགས་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་ཀྲུང་དབྱང་སྡེ་ཚན་གྱིས་སྣེ་ཁྲིད་བྱེད་དགོས། ཚང་མ་5%ལས་མི་ཉུང་བའི་འཕར་ཚད་གཞིར་བཟུང་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་དུ་གཏོང་བ་དང“གཞུང་གྲོན་གསུམ”གྱི་གྲོན་དངུལ་མང་དུ་མི་གཏོང་བར་དེ་དག་གི་ཁྲོད་ནས་ལྷག་པའི་མ་དངུལ་རྣམས་ཁྲལ་དངུལ་ཆག་ཡང་དང་གྲོན་དངུལ་ཉུང་གཏོང་ཐད་སྤྱོད་དགོས།
        དཔྱད་བརྗོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སི་ཁྲོན་ཆི་དབྱང་རླངས་འཁོར་ཚོགས་པའི་ཏུང་ཧྲི་ཀྲང་ཝང་ཆི་ཡིས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འཁོད་པའི་ཁྲལ་དངུལ་ཆག་ཡང་དང་གྲོན་དངུལ་ཉུང་གཏོང་གི་སྲིད་ཇུས་རབ་དང་རིམ་པ་དག་ཁེ་ལས་གཉེར་སྐྱོང་བའི་སེམས་ལ་ཟུག་པོ་བྱུང་ཡོད་། ལྷག་པར་དུ་ཁྲོམ་རའི་བྱེད་པོར་ཚོར་སྣང་དངོས་ཡོང་བ་བྱེད་པར་ཁེ་ལས་ཀྱི་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དང་ཟོག་འགྲེམས་མ་གནས་སོགས་སྔར་བས་དམའ་རུ་བཏང་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་དངོས་གནས་གཏོང་དགོས་པ་འཁོད་འདུག་ཅེས་གསུངས།
        གླེང་མང་བའི་གནད་དོན་བཞི་པ། ཇི་ལྟར་བྱས་ནས་སྨན་བཅོས་འགན་ལེན་ཆུ་ཚད་མཐོ་རུ་གཏོང་དགོས་སམ།
        བརྡ་ལན་གྱི་བཀྲག་མདངས་འཚེར་ས། སྨན་བཅོས་འགན་བཅོལ་ས་གནས་གཞན་དུ་བསྡོམས་རྩིས་རྒྱག་རྒྱུ་མངོན་འགྱུར་ཡོང་བ་བྱས་ནས་ནད་གཞི་ཚབས་ཆེན་གྱི་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།
        སྙན་སྒྲོན་ནང་ཀུན་གྱིས་དོ་སྣང་བྱེད་ས། བདེ་ཐང་གི་ཀྲུང་གོ་གཏོད་རྒྱུར་སྐུལ་སྤེལ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་མི་རེར་ལོ་རེར་སྒོར་420ནས་སྒོར་450བར་མཐོ་རུ་གཏོང་བ་དང་། སྨན་སྤྱོད་པའི་འགན་སྲུང་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། རྒྱལ་ཡོངས་སུ་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་དྲ་འབྲེལ་བཙུགས་ནས་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་ལ་སྡོད་པའི་འགྲོ་གྲོན་ཐད་ཀར་བསྡོམས་རྩིས་རྒྱག་རྒྱུ་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད། ནད་གཞི་ཚབས་ཆེན་གྱི་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ་དང་། དུས་ཐོག་ཏུ་ཡོངས་བསྒྲགས་དང་། ཕྱི་གསལ་ནང་གསལ། ནུས་ལྡན་བཅས་ཀྱི་སྒོ་ནས་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏོད་གཅོག་པ། ཁྱོན་ཡོངས་ནས་ཕྲུ་གུ་གཉིས་ཀྱི་སྲིད་ཇུས་ལག་བསྟར་ལ་འཚམ་པ་བྱས་ནས་བཙའ་གསོའི་སྨན་བཅོས་བདེ་སྲུང་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་རེད། ཀྲུང་ལུགས་གསོ་རིག་སྨན་རྫས་དང་མི་རིགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།
        དཔྱད་བརྗོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སི་ཁྲོན་དཀར་མཛེས་ཀྲོའུ་མི་དམངས་སྨན་ཁང་གི་སྨན་པ་གཡུ་མཚོས་སྨན་བཅོས་འགན་བཅོལ་ས་ཆ་གཞན་དུ་རྩིས་ཞུ་བྱེད་པ་དང་ནད་གཞི་ཚབས་ཆེན་གྱི་འགན་བཅོལ་འགན་ལེན་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་ཚང་མ་ནི་མེ་སེར་གྱི་ཕན་བདེ་ཡིན་ཞེས་གསུངས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧུའུ་པེ་ཞིང་ཆེན་ཚན་རྩལ་སློབ་གླིང་སྨན་དང་སྨན་བཅོས་ཞིབ་འཇུག་ཁང་གི་ཡོན་ཀྲང་ལིའུ་ཁྲའོ་ཡིས་སླད་ཕྱིན་ད་དུང་སྐུལ་ལྕག་གི་ལམ་སྲོལ་དང་དབུལ་སྐྱོར་སྲིད་ཇུས་བརྒྱུད་ནས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མང་ཚོགས་ཐག་ཉེ་སར་སྨན་བཅོས་ཐུབ་པ་བྱེད་དགོས་ཞེས་གསུངས།
        གླེང་མང་བའི་གནད་དོན་ལྔ་པ། ཇི་ལྟར་བྱས་ནས་ལས་ཞུགས་ཐུབ་ཚད་མཐོ་རུ་གཏོང་དགོས་སམ།
        བརྡ་ལན་གྱི་བཀྲག་མདངས་འཚེར་ས། སློབ་ཆེན་སློབ་མ་དང་། དཀའ་ངལ་ཆེ་བའི་མི་སྣ། ཐོན་ནུས་བཅག་ནས་བཀོད་སྒྲིག་བྱས་པའི་ལས་བཟོ་བཅས་ཚང་མར་བསམ་བློ་བཏང་ཡོད།
         སྙན་སྒྲོན་ནང་ཀུན་གྱིས་དོ་སྣང་བྱེད་ས། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1100ཡན་གསར་དུ་ལས་ཞུགས་ཐུབ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་4.5%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། ཐོན་ནུས་གཅོག་པར་ངེས་པར་དུ་ལས་བཟོ་བཀོད་སྒྲིག་ཡག་པོ་བྱ་རྒྱུ། ཁག་བགོས་ལས་བཟོར་ལས་ཞུགས་བྱ་ཡུལ་ཡོད་པ་དང་འཚོ་བར་འགན་ལེན་ཡོད་པ་བྱ་རྒྱུ། འདི་ལོ་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་795ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་གཏོད་རྒྱུ་ཡིན་པས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། ལས་གཏོད་སྣེ་ཁྲིད། གཞི་རིམ་དུ་འཚར་ལོངས་ཡོང་བ་སོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཏེ་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ལས་ཞུགས་དང་ལས་གཏོད་ལ་སྐུལ་འདེད་གཏོང་དགོས། དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་གི་ལས་དོན་ཡག་པོ་བསྒྲུབ་པ། ལས་ཞུགས་ལ་རོཌ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མི་སྣ་དང་དབང་པོ་སྐྱོན་ཅན་གྱི་ལས་ཞུཌ་ལ་རོགས་སྐྱོར་བྱས་ཏེ་ལས་ཞུཌ་མེད་པའི་ཁྱིམ་ཚང་ལ་ཉུང་མཐར་ཡང་མི་གཅིག་ལས་ཞུཌ་ཐུབ་པ་བྱ་རྒྱུ།
        དཔྱད་བརྗོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲེ་ལི་མིང་གིས་ལས་ཞུགས་དང་ལས་གཏོད་ཀྱི་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དམངས་གཙོ་ཆེ་ཤོས་དེ་ཡིན་པ་དང་ལས་ཞུགས་དང་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ལས་ཞུགས་དང་ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མི་དེ་བས་མང་བར་སྔར་བས་ལེགས་པའི་འཚོ་བ་འགན་ལེན་བྱ་རྒྱུ་དེས་དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་ཅེས་གསུངས།
        གླེང་མང་བའི་གནད་དོན་དྲུག་པ། ཇི་ལྟར་བྱས་ནས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་སམ།
        བརྡ་ལན་གྱི་བཀྲག་མདངས་འཚེར་ས། འབྱུང་རྩ་ཚོད་འཛིན་དང་། ཐོན་སྐྱེད་དང་དོ་དམ་གལ་ཆེ་མཉམ་འཛིན་པ། བཅའ་ཁྲིམས་ནན་པོས་ཟང་ཟིང་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱེད་དགོས་པ།
        སྙན་སྒྲོན་ནང་ཀུན་གྱིས་དོ་སྣང་བྱེད་ས། ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ལྟ་སྐུལ་དོ་དམ་སྟོབས་ཤུགས་ཆེ་རུ་གཏོང་བ། ཕྱོགས་ཁག་གི་འགན་འཁྲི་བརྟན་དུ་གཏོང་བ་བཅས་དང་འབྱུང་རྩ་ནས་ཚོད་འཛིན་དང་། ཐོན་སྐྱེད་དང་དོ་དམ་གལ་ཆེ་མཉམ་འཛིན་པ། བཅའ་ཁྲིམས་ནན་པོས་ཟང་ཟིང་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་བཟའ་འཐུང་དང་སྨན་སྤྱོད་བདེ་འཇགས་ཀྱི་འགག་སྒོ་ཁག་མཐའ་གཅིག་ཏུ་ཡག་པོ་སྲུང་རྒྱུ།
        དཔྱད་བརྗོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཕུགས་རེ་གསར་པ་ཚོགས་པའི་ཏུང་ཧྲི་ཀྲང་ལིའུ་ཡུང་ཧའོ་ཡིས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་དེ་མི་སེར་གྱི་གཟུགས་པོ་བདེ་ཐང་དང་འབྲེལ་བས་རྒྱལ་ཁབ་ཀྱིས་ལྟ་སྐུལ་དོ་དམ་བྱེད་དགོས་ལ་ཁེ་ལས་རང་ཉིད་ཀྱིས་གཅུན་སྡོམ་བྱེད་དགོས་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་འཛིན་ནན་པོའང་བྱེད་དགོས་ཞེས་གསུངས།
        གླེང་མང་བའི་གནད་དོན་བདུན་པ། ཇི་ལྟར་བྱས་ནས་གློག་འཕྲིན་གྲོན་དངུལ་དམའ་རུ་གཏོང་དགོས་སམ།
        བརྡ་ལན་གྱི་བཀྲག་མདངས་འཚེར་ས། འདི་ལོ་ལག་ཐོགས་ཁ་པར་གྱི་རྒྱལ་ནང་ཐག་རིང་གྲོན་དངུལ་དང་ཡུལ་གཞན་དུ་སྤྱོད་པའི་གྲོན་དངུལ་མེད་པར་བཟོ་རྒྱུ།
        སྙན་སྒྲོན་ནང་ཀུན་གྱིས་དོ་སྣང་བྱེད་ས། འདི་ལོ་ལག་ཐོགས་ཁ་པར་གྱི་རྒྱལ་ནང་ཐག་རིང་གྲོན་དངུལ་དང་ཡུལ་གཞན་དུ་སྤྱོད་པའི་གྲོན་དངུལ་མེད་པ་བཟོ་རྒྱུ་དང་། ཁེ་ལས་འབྲིང་ཆུང་གི་དྲ་སྦྲེལ་ཆེད་སྐུད་མཐུད་འཇུག་གྲོན་དངུལ་ཆེས་ཆེར་དམའ་རུ་གཏོང་རྒྱུ། རྒྱལ་སྤྱིའི་ཐག་རིང་ཁ་པར་གྲོན་དངུལ་དམའ་རུ་གཏོང་རྒྱུ་བཅས་ཡིན།
        དཔྱད་བརྗོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཕུའུ་དབྱང་དགེ་འོས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལུའུ་ལིན་གྱིས་ཙུང་ལིའི་གསུང་མཚམས་དེར་འཐུས་མི་དང་ཨུ་ཡོན་ཚོས་ཐལ་མོ་བརྡབས་པ་ལས་བྱེད་ཐབས་དེར་དམངས་སེམས་ཐོབ་པ་མཚོན་ཐུབ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཆ་འཕྲིན་དྲ་རྒྱ་འཛུགས་སྐྲུན་ཐད་རྒྱས་བཤད་བྱས་ཡོད་པ་དང་འགག་རྩ་ནི“ཁེ་ལས་ལ་རྒྱ་ཁྱབ་ངང་ཕན་པ་ཐོབ་པ་དང་མང་ཚོགས་ལ་ཡོངས་ཁྱབ་ངང་ཕན་པ་ཐོབ་ཐུབ་པ་བྱེད་དགོས་པ་དེ་རེད་ཅེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།