འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་དབུས་ཤར་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཚོགས་མཉམ་འབྲེལ་ལྷན་
    ཚོགས་པུ་ཏ་ཕེ་སི་རུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་07ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་4ཉིན་ཡོ་རོབ་དབུས་ཤར་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སི་རུ་བཙུགས་པ་དང་མི་བརྒྱ་ལྷག་ཙམ་ཉིན་དེར་གཉེར་བའི་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
        ཡོ་རོབ་དབུས་ཤར་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡུས་ཕུའུ་ཉན་གྱིས་མཛད་སྒོའི་ཐོག་ཡོ་རོབ་དབུས་ཤར་གྱི་ས་ཁུལ་མང་ཆེ་བའི་ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་བལྟོས་བཅས་ཀྱིས་འགོར་ཙམ་ཡོད་པས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟེགས་བུ་དེ་སྐྲུན་པ་བརྒྱུད་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་བྱ་གཞག་འཕེལ་རྒྱས་ཐད་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཐུབ་ནས་སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་རིག་གནས་ཀྱིས་ཡོ་རོབ་དབུས་ཤར་ས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་དེ་བས་བསྐྲུན་རྒྱུ་རེད་ཅེས་བཤད།
        ཧང་ག་རིའི་ཙུང་ཐུང་ཟུར་པ་ཡོ་རོབ་སྨན་བཅོས་འཕྲོད་བསྟེན་གྱི་ཀྲུང་གོའི་སྲོལ་རྒྱུན་གསོ་རིག་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མའེ་ཅེ་ཞི་ཡིས་ཤིས་ཚིག་བརྗོད་སྐབས་ཉེ་བའི་ལོ་ཤས་ནང་ཧང་ག་རི་ནི་ཡོ་རོབ་ཀྱི་ཀྲུང་ལུགས་གསོ་རིག་ལ་ཁྲིམས་འཛུགས་བྱེད་མཁན་རྒྱལ་ཁབ་ཨང་དང་པོ་དེ་ཡིན་པས་ཀྲུང་ལུགས་གསོ་རིག་སློབ་ཁྲིད་དང་གསོ་སྦྱོང་ཐད་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཡོ་རོབ་དབུས་ཤར་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་ལ་གྲུབ་འབྲས་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད།
        ཡོ་རོབ་དབུས་ཤར་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་ནི་ཧང་ག་རི་དང་། ཕོ་ལན། རོ་མ་ནི་ཡ། ཅེ་ཁེ། ལ་ཐེ་ཝེ་ཡ། སི་ལོ་ཝེ་ཉི་ཡ་སོགས་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་ཚོགས་པས་ཐུན་མོང་ཐོག་གྲོས་འགོ་འདོན་པ་དང་ཆབས་ཅིག་ན་ནིང་ཟླ་11པར་ཧང་ག་རིར་དངོས་སུ་ཐོ་འགོད་བྱས་ཤིང་། མཉམ་འབྲེལ་ལྷན་ཚོགས་བཙུགས་པ་དེར་ཧང་ག་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཧང་ག་རིའི་མི་ཤུགས་ཐོན་ཁུངས་པུའུ། འཛམ་གླིང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས། འཛམ་གླིང་གསེར་ཁབ་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་རེད། 
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།