འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་07ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སློབ་མ་24ལ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲད་པ།
    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཚེས་3ཉིན་མངའ་ཁོངས་ནང་གི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་ཕུལ་བྱུང་24ལ“རང་གྲོན་བཏང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་ཕུལ་བྱུང་ལ་སྤྲོད་པའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ”སྤྲད་ནས་ཁོང་ཚོར་རིག་གཞུང་དང་ཚན་ཞིབ་ཁྱབ་ཁོངས་སུ་ཐོབ་པའི་གྲུབ་འབྲས་ཕུལ་དུ་བྱུང་བར་གཟེངས་བསྟོད་བྱས་པ་རེད།
         བྱ་དགའ་ཐོབ་མཁན་རྣམས་ཁ་ལི་ཧྥོ་ནེ་ཡ་ཀྲོའུ་དང་ཝ་ཧྲིང་ཐོན་ཀྲོའུ་ཡི་སློབ་ཆེན་དྲུག་ནས་ཡོང་བ་ཡིན་པ་དང་རིམ་པ་བཞིན་དཔྱད་བསྡུར་འདེམས་བསྐོ་བྱས་པ་བརྒྱུད་སློབ་མ་རེར་བྱ་དགའི་དངུལ་ཨ་སྒོར་6000རག་གི་ཡོད། སློབ་མ་དེ་དག་ཚང་མ་སློབ་གྲྭར་འགྲོ་མུས་ཀྱི་འབུམ་རམས་པའི་སློབ་མ་ཡིན་པ་དང་ཕལ་ཆེ་བས་རང་བྱུང་ཚན་རིག་ཁྱབ་ཁོངས་སུ་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད།
        ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ལུའོ་ལིན་ཆོན་གྱིས་བྱ་དགའ་ཐོབ་མཁན་ལ་གཟེངས་བསྟོད་ལག་ཁྱེར་གནང་ཞིང་། ཁོང་གིས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་ཚོས་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་རིག་ཚན་ཁྱབ་ཁོངས་ཁག་སོ་སོའི་ནང་རང་ཉིད་ཀྱི་འཇོན་ཐང་ཟམ་མི་ཆད་པར་ངོམས་བཞིན་ཡོད། རང་གྲོན་བཏང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་རྒྱ་ཆེའི་ཀྲུང་གོའི་སློབ་མ་ཚོར་ཀྲུང་གོ་སྲིད་གཞུང་གིས་ཐུགས་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས་བྱ་དགའ་ཐོབ་མཁན་སློབ་མ་ཚོས་དཀའ་སྤྱད་སྦྱོང་བརྡར་བྱས་ནས་འཇོན་ཐང་ཆེ་རུ་བཏང་སྟེ་མེས་རྒྱལ་གྱི་རྐང་འཛིན་མི་སྣར་སྔ་ཙམ་འགྱུར་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
         ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་སློབ་གསོའི་ཚན་ཙན་དབྱང་ཅུན་གྱིས་རང་གྲོན་བཏང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་ཕུལ་བྱུང་ལ་ཀྲུང་གོ་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པས་ཁྱེད་ཚོས་མེས་རྒྱལ་འཕེལ་རྒྱས་ཆེད་ལེགས་སྐྱེས་མང་ཙམ་འབུལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད། བྱ་དགའ་ཐོབ་མཁན་སློབ་མ་ཀའོ་ཡོན་ནི་ཁ་ལི་ཧྥོ་ནེ་ཡ་སློབ་ཆེན་ཅིའུ་ཅིན་ཧྲན་ཡན་ལག་སློབ་གྲྭ་ནས་ཡོང་བ་ཡིན་ཞིང་། ཁོང་གིས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་པ་ནི་གཟི་བརྗིད་ཆེ་བའི་བྱ་བ་ཞིག་ཡིན་ལ་དེ་བས་ལྕག་སྐུལ་བྱས་པ་ཞིག་ཀྱང་ཡིན་ཞེས་བཤད། རྒྱལ་ནང་གི་ཤེས་ལྡན་མི་སྣ་ནང་དུ་འདྲེན་པའི་སྲིད་ཇུས་ཀྱིས་མེས་རྒྱལ་དུ་ཚུར་ལོག་བྱེད་མཁན་ཚོར་གོ་སྐབས་ཧ་ཅང་མང་པོ་བསྐྲུན་ཡོད་པས་ཁོང་དང་ཉེ་འཁོར་གྱི་སློབ་མ་ཚོ་ཕྱིས་འབྱུང་རང་རྒྱལ་དུ་ལོག་ནས་འཕེལ་རྒྱས་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།
        རྒྱལ་ཁབ་ཀྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་ཐེབས་རྩ་དོ་དམ་ཨུ་ལྷན་གྱིས་2003ལོར“རང་གྲོན་བཏང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་ཕུལ་བྱུང་ལ་སྤྲོད་པའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ”སྤྲོད་པའི་དམིགས་ཡུལ་ནི་རང་གྲོན་བཏང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སྦྱངས་འབྲས་གཟེངས་སུ་ཐོན་པའི་ཀྲུང་གོའི་སློབ་མ་ཚོར་ལྕག་སྐུལ་བྱ་རྒྱུ་དེ་རེད། 
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།