འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཟུར་པ་དབྱང་ཏུང་
    ལིའང་ལ་འདྲི་གཅོད་དང་པོའི་དུས་བཙོན་ལོ་15ཡི་ཁྲིམས་ཆད་བཅད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་22ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཟུར་པ་དབྱང་ཏུང་
ལིའང་ལ་འདྲི་གཅོད་དང་པོའི་དུས་བཙོན་ལོ་15ཡི་ཁྲིམས་ཆད་བཅད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་20ཉིན་པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཟུར་པ་དབྱང་ཏུང་ལིའང་གིས་ལྐོག་རྔན་བླངས་པ་དང་གཞུང་རྒྱུ་ཧམ་ཟོས་བྱས་པའི་གྱོད་གཞིར་ཡོངས་གྲགས་སུ་བཅད་པ་ཁྱབ་བསྒྲགས་བྱས་པ་སྟེ། གྱོད་པ་དབྱང་ཏུང་ལིའང་ལ་ལྐོག་རྔན་བླངས་པའི་ནག་ཉེས་ཀྱི་ཐོག་ནས་དུས་བཙོན་ལོ་བཅུ་གསུམ་དང་ཟླ་བ་དྲུག་གི་ཁྲིམས་ཆད་བཅད་པ་མ་ཟད། མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་བརྒྱད་ཅུའི་དངུལ་ཆད་ཀྱང་བཅད་པ་དང་། གཞུང་རྒྱུ་ཧམ་ཟོས་བྱས་པའི་ནག་ཉེས་ཀྱི་ཐོག་ནས་དུས་བཙོན་ལོ་གསུམ་གྱི་ཁྲིམས་ཆད་བཅད་པ་མ་ཟད། མི་དམངས་ཤོག་སྒོར་ཁྲི་ཉི་ཤུའིདངུལ་ཆད་ཀྱང་བཅད་ཅིང་། དུས་བཙོན་ལོ་བཅོ་ལྔའི་ཁྲིམས་ཆད་གཅོད་པ་མ་ཟད། མི་དམངས་ཤོག་སྒོར་ཁྲི་ཉིས་བརྒྱའི་དངུལ་ཆད་ཀྱང་བཅད་པ་ལག་བསྟར་བྱེད་པ་དང་། དབྱང་ཏུང་ལིའང་གིས་ལྐོག་རྔན་བླངས་པའི་རྒྱུ་དངོས་དང་དེ་ལས་བྱུང་བའི་སྐྱེད་འཕེལ་བདའ་འདེད་བྱས་ནས་རྒྱལ་མཛོད་ལ་གོང་འབུལ་ཞུ་བ། གཞུང་རྒྱུ་ཧམ་ཟོས་བྱས་པའི་རྒྱུ་དངོས་དག་ཁྲིམས་ལྟར་གནོད་འཚེ་ཕོག་པའི་ལས་ཁུངས་ལ་ཕྱིར་སློག་པ་བཅས་ཀྱི་ཐག་བཅད་པ་རེད། དབྱང་ཏུང་ལིའང་གིས་ཁྲིམས་ས་དེ་རང་དུ་ཁྲིམས་ཆད་འཁུར་བ་དང་གོང་ལ་ཞུ་གཏུག་མི་བྱ་རྒྱུ་བསྟན་པ་རེད།
         འདྲི་ཞིབ་བྱས་པ་བརྒྱུད་རྩད་ཆོད་མཐའ་གསལ་བྱུང་བར། 2002ལོ་ནས་2015ལོའི་བར་གྱོད་པ་དབྱང་ཏུང་ལིའང་གིས་སྔ་གཞུག་ཏུ་ཐེན་ཅིན་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་དང་། ཐེན་ཅིན་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། ཐེན་ཅིན་སྐམ་དམག་གྲ་སྒྲིག་དམག་ཞབས་མཁའ་འཕེན་མེ་སྒྱོགས་ཧྲི་ཤོག་གི་ཆབ་སྲིད་ཨུ་ཡོན་དང་པོ། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཅུས་ཀྲང། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་འཁུར་བའི་སྐབས་སུ། གོ་གནས་ཐོག་གི་སྟབས་བདེ་བེད་སྤྱད་དེ་འབྲེལ་ཡོད་ལས་ཁུངས་དང་མི་སྒེར་གྱིས་ཁེ་ལས་གཉེར་སྐྱོང་དང་། གོ་གནས་སྒྱུར་སྤར། ལས་གྲྭ་སྒྲུབ་འགན་ལེན་པ་སོགས་ཀྱི་ཐད་ལ་རོགས་རམ་བྱས་ཏེ་ཁྲིམས་འགལ་ངང་མི་གཞན་གྱིས་སྤྲད་པའི་རྒྱུ་དངོས་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྲི་2849ལྷག་བླངས་པ་རེད།
         1994ལོའི་ཟླ་བ་4པར། གྱོད་པ་དབྱང་ཏུང་ལིའང་གིས་ཐེན་ཅིན་གྲོང་ཁྱེར་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་བའི་སྐབས་སུ། རང་ཉིད་ཡོད་པའི་ལས་ཁུངས་ཀྱིས་ཐེན་ཅིན་གྲོང་ཁྱེར་གྱི་བཟོ་ལས་ས་ཁང་བདག་ཁོངས་གསར་སྤེལ་སྤྱི་ཁྱབ་ཀུང་སིར་གཞི་རྩའི་འཛུགས་སྐྲུན་གྱི་མ་དངུལ་འཐོལ་པ་སྒོར་ཁྲི་25གཏོང་སྤྲོད་བྱེད་སྟངས་ཐོག་ནས། ཐེན་ཅིན་གྲོང་ཁྱེར་ཞི་བདེ་ཆུས་ཤིན་ཅང་ལམ་པའོ་ཅང་ལི་གཞིས་ཁུལ་དུ་ཡོད་པའི་ཁང་པ་སྒོ་རྟགས་5-501ཉོས་པ་མ་ཟད། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དུ་ཐོ་འགོད་ཀྱང་བྱས་མེད་པ་རེད། 2001ལོའི་ཟླ་4པར། དབྱང་ཏུང་ལིའང་གྲོང་ཁྱེར་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་ལས་གནས་འཕོ་བའི་སྐབས་སུ། ཐེན་ཅིན་གྲོང་ཁྱེར་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ལ་ཁང་པ་རྩིས་སྤྲོད་བྱས་མེད་པ་རེད། ཐེན་ཅིན་གྲོང་ཁྱེར་གྱི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཀྱང་ཁང་པ་དེ་ཤེས་ཀྱི་མེད་པ་རེད། གསལ་འབྱེད་བྱས་པ་བརྒྱུད། གྱོད་གཞི་དེའི་ཁང་པའི་རིན་གོང་ནི་མི་དམངས་ཤོག་སྒོར་ཁྲི་27.08ཡིན་པ་རེད།
         པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་གྱོད་པ་དབྱང་ཏུང་ལིའང་གི་བྱ་སྤྱོད་ནི་ལྐོག་རྔན་བླངས་པ་དང་རྒྱུ་ནོར་ཧམ་ཟོས་བྱས་པའི་ནག་ཉེས་གྲུབ་པའི་ངོས་འཛིན་བྱས་པ་རེད། དབྱང་ཏུང་ལིའང་ཁྲིམས་སར་འབྱོར་རྗེས་རང་ཉིད་ཀྱི་ནག་ཉེས་ཇི་ལྟ་བ་བཞིན་ངོས་ལེན་ཞུས་པ་མ་ཟད། རང་འགུལ་ངང་གྱོད་སྒྲུབ་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་མེད་པའི་ལྐོག་རྔན་བླངས་པའི་ནག་ཉེས་ཁ་ཤས་ཀྱི་དོན་དངོས་གསལ་ཞུ་དང་། ནག་ཉེས་ངོས་ལེན་དང་རང་ཉེས་འགྱོད་བཤགས། ཁྲིམས་འགལ་གྱི་དངུལ་ཧུར་ཐག་གིས་ཕྱིར་སྤྲོད་བཅས་བྱས་ཏེ་ཁྲིམས་འགལ་དངུལ་དང་དངོས་པོ་ཚང་མ་ཕྱིར་སྤྲོད་བྱས་ཤིང་། དགོངས་བཞེད་ལྟར་ན་ཁྲིམས་ཆད་ཡང་མོ་གཅོད་རྒྱུའི་གནས་ཚུལ་ཡོད་པས། ཁྲིམས་ལྟར་ཁྲིམས་ཆད་ཡང་མོ་བཅད་ཆོག་པ་རེད། དེར་བརྟེན་ཁྲིམས་ཁང་གིས་གོང་ཞུས་དག་ཁྲིམས་གཅོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།