འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་འཕར་ཚད་
    རྒྱ་ཁྱབ་ངང་མཐོ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་22ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་14ཉིན་་གསར་འགོད་པར་ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། 2016ལོར། རང་རྒྱལ་འཕྲུལ་ཆས་བཟོ་ལས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་འཕར་ཚད་རྒྱ་ཁྱབ་ངང་མཐོ་རུ་ཕྱིན་ནས་ན་ནིང་ལོ་འགོའི་སྔོན་དཔག་ལས་བརྒལ་ཡོད་པ་རེད། དེའི་ནང་གཙོ་གཉེར་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་7.44%འཕར་ནས་སྔ་ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.12འཕར་བ་དང་། ཁེ་འབབ་བསྡོམས་སྒོར་དུང་ཕྱུར་ཁྲི་1.68བྱུང་ནས་དུས་མཚུངས་ལས་5.54%འཕར་ཡོད་པ་རེད།
         ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས་14ཉིན་པེ་ཅིང་དུ་2016ལོའི་འཕྲུལ་ཆས་ལས་རིགས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཆ་འཕྲིན་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚའེ་ཝེ་ཚེ་ཡིས། འཕྲུལ་ཆས་བཟོ་ལས་གྲུབ་ཆ་ལེགས་སྒྲིག་ལས་ཕན་འབྲས་ཐོན་ཡོད་ཅེས་བརྗོད། ལས་གྲྭའི་འཕྲུལ་ཆས་ཐོན་རྫས་ཕྱིར་ཚོང་བྱེད་ཚད་ཡག་ཏུ་ཕྱིན་པ་དང་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་འཕར་ཚད་མགྱོགས་པོ་ཡོད་པ་རེད། གཞན་ཡང་། ཁོར་ཡུག་སྲུང་སྐྱོང་དང་། ནུས་རྒྱུ་གསར་པ། རིག་ནུས་བཟོ་སྐྲུན་བཅས་དང་འབྲེལ་བ་ཡོད་པའི་ཐོན་རྫས་ཕྱིར་ཚོང་འཕར་ཚད་མགྱོགས་པོ་བྱུང་ཡོད། ན་ནིང་ཁོར་ཡུག་སྦགས་བཙོག་འགོག་བཅོས་ཀྱི་ཆེད་སྤྱོད་སྒྲིག་ཆས་དུས་མཚུངས་ལས་30.3%འཕར་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་51.7%དང་53%སོ་སོར་འཕར་ཡོད་པ་རེད།
        འཕྲུལ་ཆས་བཟོ་ལས་གསར་གཏོད་ནུས་པ་ཆེ་རུ་ཕྱིན་པ་དང་རིག་ནུས་བཟོ་སྐྲུན་འགོ་འཛུགས་མ་ཐག་པ་ཡིན་པ་རེད། བཟོ་ལས་འཕྲུལ་མིར་ཆ་བཞག་ན། རང་རྒྱལ་དེ་ཉིད་ལོ་གསུམ་བསྟུད་མར་གོ་ལ་ཧྲིལ་པོའི་བཟོ་ལས་འཕྲུལ་མིའི་འཛད་སྤྱོད་ཁྲོམ་ར་ཆེ་ཤོས་སུ་གྱུར་བ་དང་། དེའི་ཁྲོད་ནས་ལུགས་རྒྱག་སོགས་བཟོ་སྐྲུན་ཆ་རྐྱེན་ཅུང་ཞན་པའི་ཁྱབ་ཁོངས་སུ་བཟོ་ལས་འཕྲུལ་མི་སྤྱོད་ཚད་གང་མགྱོགས་མཐོ་རུ་ཕྱིན་པ་རེད།
         འོན་ཀྱང་ན་ནིང་རང་རྒྱལ་འཕྲུལ་ཆས་བཟོ་ལས་ཀྱི་མ་འཇོག་འཕར་ཚད་ཆག་ནས་མངགས་ཉོའི་དུས་འབབ་བརྟན་པོ་མེད་པ་དང་། ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་མུ་མཐུད་ཆག་པ་ལས་ལས་རིགས་འཁོར་སྐྱོད་གྱི་གནོན་ཤུགས་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཁ་ཚ་དགོས་གཏུགས་ཡིན་པ་ཡང་མཚོན་ཡོད།
          ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔོན་དཔག་བྱས་པར། ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་2017ལོར་འཕྲུལ་ཆས་བཟོ་ལས་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།