འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་མཚོ་ནུབ་ཀྲོའུ་ཡི་མི་འབོར་
    དབུལ་པོ་ཚང་མ་དབུལ་སྒྲོལ་ཟིན་པའི་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་22ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་20ཉིན། གོང་ཚེས་ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ནས་ཤེས་རྟོགས་བྱུང་བར། ཕྱོགས་གསུམ་པའི་ཚོད་སྐོར་ཚོགས་ཆུང་གིས་དཔྱད་མོལ་དང་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་མཚོ་ནུབ་ཀྲོའུ་ཡི་དབུལ་ཐར་དམིགས་ཚད་ཁག་18ཡོངས་སུ་ལེགས་གྲུབ་ཟིན་ནས་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཟིན་པ་རེད།
         དེ་ཉིན་སྤེལ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག མཚོ་ནུབ་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་དབྱང་ཡོའུ་ཀྲེས“བསྡོམས་རྩིས་ཚོད་རྩིས་བརྒྱབ་པ་བརྒྱུད་ཀྲོའུ་ཡོངས་ཀྱི་དུད་ཚང་2580ཡི་མི་འབོར་དབུལ་པོ་6122ལ་ལོ་རེར་མི་རེར་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་10494ཟིན་པ་ལས་ཞིང་ཆེན་རིམ་པའི་དམིགས་ཚད་སྒོར་3316གི་316%ལེགས་གྲུབ་བྱུང་བ་དང་། དབུལ་པོ་ཐོན་ཚད་2010ལོའི་30.67%ནས་2016ལོའི་ལོ་མཇུག་ཏུ་གཅིག་ཀྱང་མེད་པའི་བར་ཆག་ཡོད”ཅེས་བརྗོད།
         དབྱང་ཡོའུ་ཀྲེས་ངོ་སྤྲོད་བྱས་དོན། 2016ལོར་མཚོ་ནུབ་ཀྲོའུ་ཡིས་དབུལ་སྐྱོར་མ་དངུལ་བསྡོམས་སྒོར་དུང་ཕྱུར་10.61བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། ཐོན་ལས་འཕེལ་རྒྱས་དབུལ་སྐྱོར། མ་རྩའི་ཁེ་བཟང་དབུལ་སྐྱོར། མ་མཐའི་འཚོ་བ་འགན་ལེན་མཐའ་སྐྱོང་། ལས་ཞུགས་གཞན་སྒྱུར་སོགས“ཁག་གཅིག་རེ་བརྒྱད”ཀྱི་གནད་སྨིན་དབུལ་སྐྱོར་འདུ་འགོད་ལག་ལེན་བསྟར་བ་དང་ཆབས་ཅིག འགྲིམ་འགྲུལ་དང་། ཆུ་བེད། གློག་ཤུགས་སོགས་ལས་རིགས་སྡེ་ཚན་10ཡི་ལེགས་ཆར་སྤྱི་འདོམས་ཀྱིས་མ་རྩ་སྒོར་དུང་ཕྱུར་4.99བཏང་ནས་འགྲོ་ལམ་ཤར་གཏོང་དང་། ཞིང་འབྲོག་ཁུལ་གྱི་བདེ་འཇགས་འཐུང་ཆུ། ཉེན་ཡོད་སྡོད་ཁང་སྒྱུར་བཀོད། རིག་གནས་དམངས་ཕན་སོགས་རྣམ་གྲངས་ལག་ལེན་བསྟར་ཏེ། ཁྱོན་ཡོངས་ནས་གྲོང་ཚོ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་རེད།
         2016ལོའི་ཟླ་11ཚེས་16ཉིན་ནས་ཟླ་12ཚེས་30ཉིན་བར། 《མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་གྲོང་ཚོ་དབུལ་པོ་དབུལ་ཐར་དང་རྫོང་དབུལ་པོའི་དབུལ་ཞྭ་འབུད་པའི་ལག་བསྟར་ཇུས་གཞི་》གཞིར་བཟུང་། མཚོ་ནུབ་ཀྲོའུ་ཨུད་ཀྱིས་ཀྲུང་གོ་ཞིང་ལས་སློབ་ཆེན་དང་། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ལས་ལས་གྲྭའི་བློ་འདྲི་ལྟེ་གནས་བཅས་ལས་གྲུབ་པའི་ཕྱོགས་གསུམ་པའི་ཚོད་སྐོར་ཚོགས་ཆུང་ལ་མཚོ་ནུབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཕན་འབྲས་ལ་ཁེར་ཚུགས་ཀྱི་ཕྱོགས་གསུམ་པའི་ཚོད་སྐོར་བྱ་རྒྱུའི་མངགས་བཅོལ་བྱས་པ་རེད།
         ཚོད་སྐོར་བྱས་འབྲས་ལས་མངོན་པར། 2016ལོར་མཚོ་ནུབ་ཀྲོའུ་ཡི་གནད་འཁེལ་དབྱེ་འབྱེད་བྱས་པའི་མི་འབོར་དབུལ་པོ་མི་རེས་ལོ་རེར་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྟན་པོའི་ངང་སྒོར་4000ལས་བརྒལ་བ་དང་། ཚང་མར་བདེ་འཇགས་སྡོད་ཁང་ཡོད་པ། ཚང་མ་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་ཐུབ་པ་བཅས་བྱུང་ཡོད། དེ་དང་ཆབས་ཅིག འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་དབུལ་པོའི་དབང་གིས་སློབ་ཤོར་བྱུང་མེད་པ་མ་ཟད། འདོད་མོས་ཡོད་པའི་ངལ་ནུས་ཚང་མ་ལས་རིགས་སློབ་གསོའམ་ལས་རིགས་རྩལ་ནུས་གསོ་སྦྱོང་ནང་ཞུགས་ཐུབ་པ་བྱུང་ཡོད།
         “དབུལ་སྒྲོལ་བྱུང་བའི་མི་འབོར་གྱིས་དབུལ་སྒྲོལ་འགག་སྒྲོལ་ཕན་འབྲས་ལ་འདོད་མོས་ཐོབ་ཚད་99.95%ཟིན་པ་དང་མི་འབོར་དབུལ་པོ་དབུལ་ཐར་བྱུང་བ་གནད་དུ་འཁེལ་ཚད་100%ཟིན་ཡོད”ཅེས་ཕྱོགས་གསུམ་པའི་ཚོད་སྐོར་ཚོགས་ཆུང་གི་འགན་འཁུར་བ། ཀྲུང་གོ་ཞིང་ལས་སློབ་ཆེན་མི་ཆོས་འཕེལ་རྒྱས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལིའུ་ཡུང་ཀུང་གིས་བརྗོད། ཁོང་གིས། ཚོད་སྐོར་ཚོགས་ཆུང་གིས་བཞུགས་མོལ་ཚོགས་འདུ་དང་། བཅར་འདྲི། དུད་ཚང་དུ་བརྟག་དཔྱད་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་པ་དང་ཚོད་སྐོར་ཞིབ་བཤེར་གྱི་དཔེ་དབྱིབས་སྐོང་འདེམས་བྱེད་ཚད་གྲོང་ཚོ་དབུལ་པོ་119དང་དུད་ཚང་1321གི་མི་འབོར་དབུལ་པོ་ཁྱོན་ཡོངས་ལ་ཁྱབ་པ་དང་། 
         དབུལ་པོ་མིན་པའི་གྲོང་ཚོ་སྐབས་བསྟུན་སྐོང་འཐེན་བྱེད་པའི་བསྡུར་ཚད་50%ལས་མི་དམའ་བའི་ཐབས་ཤེས་སྤྱད་ནས་ཚོད་སྐོར་བྱས་པས། ཚོད་སྐོར་བྱས་འབྲས་ཁེར་ཚུགས་དང་། དངོས་ཡོད། ཚན་རིག་དང་མཐུན་པ་བཅས་བྱུང་ཡོད་ཅེས་བརྗོད་པ་རེད།
        གཞན་ཡང་ངོ་སྤྲོད་བྱས་པར་གཞིགས་ན། ཕྱོགས་གསུམ་པས་ཚོད་སྐོར་བྱས་པ་ལས་ཤེས་རྟོགས་བྱུང་བར། དུད་ཚང་དབུལ་པོས་ཐོན་ལས་གདམ་ག་བྱེད་དཀའ་བ་དང་། གྲོང་ཚོ་མཉམ་སྡེབ་ཀྱི་དཔལ་འབྱོར་འཁོས་ཀ་ཞན་པ། རྨང་གཞིའི་སྒྲིག་བཀོད་ཀྱིས་སྔར་བཞིན་གྲོང་ཚོ་དབུལ་པོའི་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རིམ་སྤོར་བྱེད་པར་སྔར་བཞིན་གནད་དོན་མི་ཉུང་བ་འཕྲད་ཡོད།
        དབྱང་ཡོའུ་ཀྲེས། གནད་དོན་འདི་དག་ལ་དམིགས་ནས། གོམ་སྟབས་རྗེས་མར་རྫོང་དབུལ་པོའི་དབུལ་ཞྭ་འབུད་རྒྱུ་དང་། གྲོང་ཚོ་དབུལ་པོ་དབུལ་སྒྲོལ་བྱ་རྒྱུ། དུད་ཚང་དབུལ་པོ་དབུལ་སྒྲོལ་བྱུང་རྗེས་ཀྱི་རྗེས་མཐུད་རྒྱབ་སྐྱོར་བཅས་ཀྱི་སྲིད་ཇུས་ཞིབ་འཇུག་བྱས་ནས་འདོན་རྒྱུ་མ་ཟད། ད་དུང་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་དབུལ་པོའི་མཚམས་ཀྱི་དུད་ཚང་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱང་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་གྲོང་གསེབ་རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་110དོན་འཁྱོལ་བྱ་རྒྱུར་མཐུན་སྦྱོར་གྱིས་གྲོང་ཚོ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་ཞན་ཆ་ཐག་གཅོད་བྱས་ནས་དབུལ་སྐྱོར་ཐོན་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།