འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་དབུལ་གྲོལ་དུད་ཚང་ཞིག་གི་ལོ་གསར་གྱི་རེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་20ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “བོད་ཀྱི་ལོ་གསར་མགྱོགས་པོ་འཆར་གྲབས་འདུག་པས། ངས་གོང་ལ་མ་བལྟོས་པར་ཤིང་ཏོག་དང་ཁ་ཟས་ཡག་པོ་ཅུང་མང་པོ་ཉོ་རྩིས་ཡོད”ཅེས་ལྷ་ས་གྲོང་ཁྱེར་དཔལ་སྡིངས་གྲོང་ཚོའི་ཀླུ་ཁང་བཟང་་ཚོགས་ཆུང་གི་དབུལ་སྒྲོལ་བྱུང་བའི་མང་ཚོགས་ཁྲ་ཁོག་གིས་འཛུམ་དམུལ་དམུལ་ངང་བརྗོད།
         ཁྲ་ཁོག་འདི་ལོར་ལོ་63ཡིན་ལ། ཁོང་གི་བཟའ་ཟླ་གྲོངས་རྗེས་རང་གི་བུ་དང་མནའ་མ་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། སྔོན་ཆད་ཁྱིམ་གྱི་ཞིང་ཁ་མུའུ་4.9ལ་ནས་དང་། ཞོག་ཁོག གྲོ་བཅས་འདེབས་སྐབས་ལོ་ཧྲིལ་པོར་དཀའ་ཚེགས་ཧ་ཅང་ཆེ་ཡང་ཡོང་འབབ་སྒོར་2000ལྷག་ཙམ་ལས་ཡོང་གི་མེད་པ་རེད།
        “འཚོ་ཚིས་ཀྱི་ལྷད་དུ། བུ་རྟག་པར་ཨར་ལས་བྱ་ཡུལ་ཁག་ཏུ་ལས་ཀ་བྱེད་པར་བསྐྱོད་ཀྱང་ང་ལ་ལྟ་རྟོག་བྱེད་དགོས་པས་ཐག་རིང་པོར་འགྲོ་ཕོད་ཀྱི་མེད”སྔོན་ཆད་ཀྱི་འཚོ་བ་དྲན་དུས། ཁྲ་ཁོག་གིས་མིག་ཆུ་གཏོང་བཞིན་“མནའ་མ་ཡང་ཐག་རིང་པོར་གད་རྒྱག་པར་འགྲོ་གི་ཡོད་པས། ཕྱིར་ཁྱིམ་དུ་ལོག་དུས་རྟག་པར་ས་རུབ་ཀྱི་འདུག ཡོང་འབབ་ད་དུང་བརྟན་པོ་མི་འདུག”ཅེས་བརྗོད་པ་རེད།
         2015ལོར་ཁྲེང་ཀོན་ཆུས་ཀྱི་ཚད་མཐོའི་བཞོན་མ་གསོ་ཚགས་ལྟེ་གནས་སྐྲུན་གྲུབ་ནས་བེད་སྤྱོད་བྱེད་འགོ་ཚུགས་རྗེས་ཁྲ་ཁོག་དང་ཁོང་གི་མནའ་མ་གཉིས་དེ་གའི་ལས་མི་བྱས་ཤིང་། ཁོང་གི་བུ་ཡང་རིན་མེད་གསོ་སྦྱོང་ནང་ཞུགས་རྗེས་དེ་གའི་འདོན་འཇུག་འཕྲུལ་འཁོར་དང་གཟན་ཆག་འཕྲུལ་འཁོར་གྱི་ཁ་ལོ་བ་བྱས་པས། ནང་མི་གསུམ་པོའི་ཟླ་རེའི་གླ་ཕོགས་ཁོ་ན་ཡང་སྒོར་9100ཟིན་ནས་མྱུར་དུ་དབུལ་སྒྲོལ་ཐུབ་ཡོད་པ་རེད།
         “ཁྲ་ཁོག་ཁྱིམ་ནི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བའི་དཔེ་མཚོན་ཞིག་ཡིན”བཞོན་མ་གསོ་ཚགས་ལྟེ་གནས་སྐྲུན་བྱུང་གྲུབ་རྗེས་མང་ཚོགས་51ལས་ཞུགས་ཐུབ་པའི་ནང་དུ་ས་གནས་དེ་གའི་མང་ཚོགས་49ཡོད་ཅེས་ཁྲེང་ཀོན་ཆུས་ཀྱི་ཆུས་ཀྲང་གཞོན་པ་ལྷག་སྒྲོན་གྱིས་བརྗོད་པ་རེད།
         བཞོན་མ་གསོ་ཚགས་ལྟེ་གནས་ཀྱི་ལས་དོན་མི་སྣ་མེ་ཏོག་ལྷ་སྐྱིད་ཀྱིས། བཞོན་མ་གསོ་ཚགས་ལྟེ་གནས་ཀྱིས་ཀླུ་ཁང་བཟང་ཚོགས་ཆུང་གི་ས་ཆ་མུའུ་220བོགས་མར་བླངས་པས་མང་ཚོགས་ལ་ལོ་རེར་སྒོར་ཁྲི་བཅུ་ཕྲག་ཁ་ཤས་བགོ་བཤའ་རྒྱག་རྒྱུ་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་དབུལ་སྐྱོར་མ་དངུལ་བཞོན་མ་གསོ་ཚགས་ལྟེ་གནས་ལ་མ་རྐང་ཚུལ་དུ་བཞག་པས་དུད་ཚང་དབུལ་པོ་ཁག་ལ་ཡང་ལོ་མཇུག་ཏུ་བསྡུར་ཚད་ལྟར་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་ཡོད་པ་དང་། ངལ་རྩོལ་ནུས་ཤུགས་ལས་ཞུགས་ཐུབ་པས་གླ་ཕོགས་ཀྱང་འབབ་རྒྱུ་ཡོད་ཅེས་གསར་འགོད་པར་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་གྲུབ་ཆ་ངོ་སྤྲོད་བྱས།
         དབུལ་གྲོལ་བྱུང་རྗེས། ཁྲ་ཁོག་གིས་འཁྱགས་སྒམ་དང་གོས་འཁྲུད་འཕྲུལ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་ཉོས་པ་དང་། གསར་འགོད་པས་བཅར་འདྲི་མ་ཞུས་ཙམ་གྱི་ཉིན་ཤས་གོང་ཁོང་གིས་སྒོར་ཁྲི་1ལྷག་བཏང་ནས་ནང་གི་ཁྱིམ་ཆས་ཚང་མ་གསར་རྐྱང་བརྗེས་པ་རེད།
         སྔོན་ཆད་དབུལ་པོ་ཡིན་པས་ལོ་གསར་སྐབས་སུ་ཁྲ་ཁོག་གིས་ལོ་གསར་གྱི་མཁོ་ཆས་ཁེ་པོ་ཕྲན་ཙམ་རྟེན་འབྲེལ་མཚོན་བྱེད་ཙམ་ལས་ཉོ་གི་མེད་པ་རེད།
         ཡིན་ན་ཡང་འདི་ལོར་ཁྲ་ཁོག་གིས་ལོ་གསར་གྱི་མཁོ་ཆས་སྔ་ས་ནས་གྲ་སྒྲིག་བྱེད་ཀྱི་ཡོད་པ་སྟེ། “སྤུས་ལེགས་གང་མང་མང་ཉོ་རྒྱུ་ཡིན”ཞེས་གདེང་ཚོད་ཆེན་པོའི་སྒོ་ནས་བརྗོད་པ་རེད།
         ཉེ་ཆར་ཚ་མོ་ཞིག་སྐྱེས་པས་ཁྲ་ཁོག་དགའ་སྤྲོས་ཁེངས་ནས་དེ་སྔོན་ནས་བུ་ལ་གཉེན་སྟོན་གཟབ་རྒྱས་ཤིག་ཁ་གསབ་བྱ་རྒྱུའི་འདུན་པ་དེ་དངོས་སུ་འཆར་གཞིར་བཀོད་པ་རེད། སྔོན་ཆད་ཁྱིམ་ཚང་སྐྱོ་པོ་ཡིན་པས་བུར་མནའ་མ་བསུ་སྐབས་གཉེན་སྟོན་ཡང་བྱས་མེད་པ་རེད། མནའ་མས་འཁང་ར་མ་བྱས་ཀྱང་དེ་ནི་ཁྲ་ཁོག་གི་སེམས་ཀྱི་གཅོང་ནད་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད།
         “འདི་ལོར་ངེས་པར་དུ་ཁོང་གཉིས་ལ་གཉེན་སྟོན་ཞིག་གཤོམ་རྩིས་ཡོད། སྐབས་དེར་ཁྱེད་རང་ཚོ་ཡང་མགྲོན་དུ་ཕེབས་ཤོག”བཅར་འདྲི་མཇུག་འགྲིལ་རྗེས་ཁྲ་ཁོག་གིས་དེ་སྐད་ཅེས་གདེང་སྤོབས་དང་བཅས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།