འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།གད་སྙིགས་ཀྱི་རིགས་དབྱེ་འབྱེད་ཞིབ་ཚགས་ནན་ཏན་བྱས་ན་ལེགས་ཆ་མང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་15ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གད་སྙིགས་ཀྱི་རིགས་དབྱེ་འབྱེད་ཞིབ་ཚགས་ནན་ཏན་བྱས་ན་ལེགས་ཆ་མང་།
          མི་དམངས་དྲ་བའི་འཕྲིན། ཉི་ཧོང་རྒྱལ་ཁབ་ཀྱི་གད་སྙིགས་རིགས་དབྱེ་འབྱེད་ཞིབ་ཚགས་ནན་ཏན་བྱེད་པ་ནི་འཛམ་གླིང་རྒྱལ་ཁབ་ཀུན་གྱི་མིག་དཔེར་བྱས་ཆོག་པ་རེད། ཡོ་རོབ་དང་ཨ་རི་སོགས་པའི་སྔོན་ཐོན་རྒྱལ་ཁབ་ཏུ། གད་སྙིགས་ནི་ཡང་བསྐྱར་བཀོལ་སྤྱོད་བྱས་ཆོག་པ་དང་ཡང་བསྐྱར་བཀོལ་སྤྱོད་བྱས་མི་ཆོག་པ་རིགས་གཉིས་སུ་བཀར་ཡོད་པ་རེད། ཉི་ཧོང་རྒྱལ་ཁབ་ཀྱིས་ནི་གད་སྙིགས་ལ་སྤར་དུ་རུང་བ་དང་། སྤར་དུ་མི་རུང་བ། ཐོན་ཁུངས་གད་སྙིགས་བཅས་རིགས་གསུམ་དུ་བཀར་ཡོད་ལ། དེའི་ཁྲོད་ཀྱི་ཐོན་ཁུངས་གད་སྙིགས་ཀྱང་ཤོག་བུའི་གད་སྙིགས་དང་། འགྱིག་ཤོག་གི་གད་སྙིགས། ལྕགས་རིགས་ཀྱི་གད་སྙིགས་སོགས་སུ་བཀར་ཡོད་པ་རེད། ཉི་ཧོང་རྒྱལ་ཁབ་ཀྱི་ས་གནས་ཁག་གིས་གད་སྙིགས་རིགས་དབྱེ་ཞིབ་ཕྲའི་གཏན་འབེབས་ལ་ཁྱད་པར་ཅུང་ཙམ་ཡོད་ཀྱང་། སྤྱིའི་ཆ་ནས་རིགས་བཅུ་ཡན་དུ་བཀར་ཡོད་པ་རེད། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར། དངུལ་ཆུའི་སྦགས་བཙོག་ལས་མིང་གྲགས་ཆེ་བའི་ཞུན་པིན་རྫོང་ཧྲུའེ་ཡུས་གྲོང་ཁྱེར་དུ། གད་སྙིགས་ལ་རིགས་24ཙམ་བཀར་ཡོད་པ་རེད།
            རྙོག་དྲ་ཅན་གྱི་གཏན་འབེབས་དེ་ཉིད་ལག་ལེན་དོན་འཁྱོལ་བྱེད་ཐུབ་པའི་གནད་འགག་ནི་གད་སྙིགས་གཡུག་འཇོག་དང་བསྡུ་ལེན། སྐྱེལ་འདྲེན་བཅས་བྱེད་རིམ་ཁག་ཏུ་ཕན་ཚུན་རམ་འདེགས་མཉམ་ལས་འབྱུང་དགོས་པ་དེ་རེད། ཉི་ཧོང་རྒྱལ་ཁབ་ཏུ། གད་སྙིགས་རིགས་མི་གཅིག་པ་དག་ནི་དུས་ཚོད་མི་གཅིག་པའི་སྐབས་ཕྱིར་འཇོག་དགོས་པ་རེད། སྤྱིར་ན། འཚོ་སྡོད་ཁུལ་ཚང་མར་རེ་གཟའ་རེའི་སྐབས་ཀྱི་ཉིན་གཉིས་རིང་གཅིག་བསྡུས་ངང་ཐབ་ཚང་སོགས་པའི་སྤར་དུ་རུང་བའི་གད་སྙིགས་ཕྱིར་འཇོག་པ་དང་། ཉིན་གཅིག་ལ་ཤོག་བུ་སོགས་པའི་ཐོན་ཁུངས་ཀྱི་གད་སྙིགས་ཕྱིར་འཇོག་པ་རེད། དབྱར་ཁ་ཚ་བ་ཆེ་དུས་ཡིན་ནའང་། འཚོ་བའི་གད་སྙིགས་ལ་དྲི་ངན་འབྱུང་སླའི་གད་སྙིགས་ཕྱིར་འཕེན་གྱི་ཉིན་དེ་མ་སླེབས་ན་ཁྱིམ་དུ་ཉར་དགོས་པ་རེད། ཐོན་ཁུངས་གད་སྙིགས་བསྡུ་བའི་ཉིན་དེར་སླེབས་ནའང་། གད་སྙིགས་བསྡུ་ལེན་ས་ཚིགས་ཀྱིས་གད་སྙིགས་བསྡུ་སྒམ་རིམ་པ་ཞིག་བསྒྲིགས་ཏེ་ལྕགས་རིགས་གད་སྙིགས་དང་། འགྱོག་ཤོག་གད་སྙིགས། ཤེལ་རིགས་གད་སྙིགས་སོགས་སོ་སོར་བླུགས་པ་དཔེར་ན། ཤོག་སྒམ་དང་ཚགས་པར་སོགས་བསྡམས་ནས་འཇོག་པ། ཤེལ་ཆག་དང་ཤེལ་ཏོག གནོན་འཁུམ་རླུང་སྣོད་སོགས་ཉེན་ཡོད་དངོས་པོ་དག་ཤོག་བུས་བཏུམས་དགོས་པ་མ་ཟད། དེའི་ཐོག་ལ་གསལ་བཤད་ཀྱང་བྱས་ནས་གཙང་སེལ་མི་སྣར་རྨས་སྐྱོན་མི་ཡོང་བར་བྱེད་པ་རེད། ཁྱིམ་ཆས་རྙིང་པ་སོགས་དངོས་པོ་ཆེ་རིགས་འདོར་ན་སྔོན་ལ་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་ལ་བརྡ་གཏོང་དགོས་པ་མ་ཟད་རིན་པ་ངེས་ཅན་ཞིག་ཀྱང་སྤྲོད་དགོས་པ་རེད།
           ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་གད་སྙིགས་དབོར་སྐྱེལ་ཐེངས་མང་བྱེད་ལ། ཐེངས་རེར་གད་སྙིགས་རིགས་གཅིག་དབོར་བ་ནས"གད་སྙིགས་རིགས་གང་བྱུང་མཉམ་བསྲེས"མི་བྱེད་པའི་སྔོན་འགོག་བྱེད་པ་རེད། ཉི་ཧོང་རྒྱལ་ཁབ་ཀྱི་འཚོ་སྡོད་ཁུལ་མང་ཤོས་སུ་ཆེད་གཉེར་གད་པ་མེད་པ་རེད། གད་སྙིགས་ཀྱི་རིགས་དབྱེ་བ་འབྱེད་པ་དེ་གཙོ་བོ་སྡོད་དམངས་ཀྱི་རང་འགུལ་ལ་བསྟེན་པ་རེད། དུས་རབས་གོང་མའི་ལོ་རབས་བདུན་ཅུའི་སྐབས། ཉི་ཧོང་རྒྱལ་ཁབ་ཏུ་གད་སྙིགས་རིགས་དབྱེ་བ་ཐོག་མར་འབྱེད་དུས། སྡོད་དམངས་ཚོས་ཀྱང་རྒྱུན་དུ་གད་སྙིགས་རིགས་མང་པོ་བསྲེས་ནས་འཇོག་པའི་གནས་ཚུལ་བྱུང་བ་དང་། ཁོར་ཡུག་སྲུང་སྐྱོང་སྡེ་ཚན་མི་སྣས་རེ་རེ་བཞིན་དུ་རིགས་དབྱེ་ནས་གཙང་སེལ་བྱས་ཀྱང་དེར་བཏང་བའི་མ་རྩ་ཤིན་ཏུ་ཆེན་པོ་རེད། 1975ལོར། ཅིན་ཀང་རྫོང་ཀྲའོ་ཅིན་གྲོང་ཁྱེར་གྱིས་སྡོད་དམངས་རང་སྐྱོང་ཚོགས་པའི་ཚོགས་མི་གད་སྙིགས་ས་ཚིགས་སུ་དང་ལེན་བྱེད་སྒོ་སྤེལ་བར་ཡོང་དགོས་པའི་སྐུལ་སློང་བྱས་ནས་སྡོད་དམངས་ལ་གད་སྙིགས་ཇི་ལྟར་འདོར་དགོས་ལུགས་མཛུབ་སྟོན་བྱས་པ་རེད། རྗེས་སུ"ཀྲའོ་ཅིན་གྱི་བྱེད་ཐབས"དེ་རིམ་བཞིན་ཉི་ཧོང་རྒྱལ་ཡོངས་སུ་ཁྱབ་སྤེལ་བཏང་བ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།