འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཧྥུའུ་ཏའོ་ཡི་ཉིང་རྡུལ་ཁྱབ་འགྱེད་
    སྐོར་དྲན་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་15ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་13ཉིན། ཚེས་12ཉིན་རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཞུང་ཕྱོགས་ཀྱི་དྲ་ཚིགས་ཐོག་ཧྥུའུ་ཏའོ་ཡི་ཉིང་རྡུལ་ཁྱབ་འགྱེད་སྐོར་གྱི་དྲན་སྐུལ་ཁྱབ་བསྒྲགས་བྱས་པའི་ནང་རི་པིན་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་དེ་བཞིན་རི་པིན་དུ་བསྐྱོད་མཁན་ཀྲུང་གོའི་སྤྱི་དམངས་ལ་ཕྱོགས་ཐོན་འཆར་གཞི་འོས་འཚམ་ངང་འགོད་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།
         དྲན་སྐུལ་དེའི་ནང་ཉེ་དུས་རི་པིན་གྱི་སྨྱན་སྦྱོར་གྱིས་ཧྥུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོའི་འཕྲུལ་ཚན་གཉིས་པའི་བདེ་འཇགས་སྲུང་སྐོགས་ནང་ཉིང་རྡུལ་ཁྱབ་འགྱེད་བྱུང་ཚད་མཐོ་ཤོས་སུ་སླེབས་པའི་སྐོར་གྱི་གནས་ཚུལ་ཐེངས་མང་སྤེལ་བ་ལས་རི་པིན་དུ་ཡོད་པའི་རང་རྒྱལ་གྱི་ཕྱིར་སྡོད་རང་མི་དང་དེ་བཞིན་རི་པིན་དུ་ཡུལ་སྐོར་དུ་བསྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བར་སེམས་ཁྲལ་བྱུང་ཡོད་ཅེས་འཁོད་ཡོད་པ་རེད། ཉིན་ཤས་གོང་ཕྱི་འབྲེལ་པུའི་མགྲིན་ཚབ་པས་གནས་ཚུལ་དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཧྥུའུ་ཏའོ་ཡི་ཉིང་རྡུལ་འཛག་ཐོན་གྱི་དོན་རྐྱེན་ལས་ཐོན་པའི་ཤུགས་རྐྱེན་ལ་ད་བར་དུ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ལ་རི་པིན་སྲིད་གཞུང་ལ་དོན་རྐྱེན་རྒྱུན་མཐུད་རྩད་གཅོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རེ་བའང་ཐེངས་མང་བཏོན་ཡོད། རི་པིན་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཉིང་རྡུལ་ཕྱིར་འཛག་ཐོན་གྱི་དོན་རྐྱེན་ལས་ཐོན་པའི་ཤུགས་རྐྱེན་ངན་པ་ཇི་འདྲ་བྱས་ནས་མེད་པ་ཏན་ཏིག་བཟོ་རྒྱུའི་སྐོར་འགན་ཡག་པོ་འཁུར་ཏེ་གསལ་བཤད་བྱ་རྒྱུའི་རེ་བ་ཡོད། དེ་རི་པིན་གྱི་རྒྱལ་དམངས་ལ་འགན་འཁུར་བ་ཞིག་རེད་ལ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགན་འཁུར་བ་ཞིག་ཀྱང་རེད། ཕྱི་འབྲེལ་པུས་འབྲེལ་ཡོད་བདེ་འཇགས་སྐོར་གྱི་དྲན་སྐུལ་ཁྱབ་བསྒྲགས་བྱས་ཡོད་ཅེས་གསུངས་པ་རེད།
         རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་དྲན་སྐུལ་བྱས་པའི་ནང་2011ལོའི་ཟླ་3ཚེས་11ཉིན་རི་པིན་གྱི་མཚོ་ཁོངས་སུ་ས་ཡོམ་རིམ་པ་དགུ་པ་ཟིན་པ་བརྒྱབ་རྗེས་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོར་ཉིང་རྡུལ་འཛག་ཐོན་གྱི་དོན་རྐྱེན་ཚབས་ཆེན་ཐོན་ཡོད། ཉིང་རྡུལ་འཛག་ཐོན་གྱི་དོན་རྐྱེན་རྩད་གཅོད་བྱེད་པར་དུས་ཚོད་ཧ་ཅང་རིང་པོ་དགོས་པ་དང་འབྲེལ་ཡོད་ཁྱབ་ཁོངས་སུ་ཉིང་རྡུལ་ཁྱབ་འགྱེད་ཉེན་ཁ་དུས་ཡུན་རིང་པོ་གནས་རྒྱུ་ཡིན་པས་རི་པིན་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་དེ་བཞིན་རི་པིན་དུ་བསྐྱོད་མཁན་ཀྲུང་གོའི་སྤྱི་དམངས་ལ་ཕྱོགས་ཐོན་འཆར་གཞི་འོས་འཚམ་ངང་འགོད་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། 
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།