འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཀྲང་མིང་གིས“ཕ་ལེ་སི་ཐན་དང་དབྱི་སི་རལ་
    གྱི་གནད་དོན་རྙོག་དྲ་ཆེ་རུ་མི་འགྲོ་བ་བྱེད་དགོས་པའི”འབོད་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་18ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་15ཉིན། ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཀྲང་མིང་གིས་ཕ་རི་སིར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། “ཅེ་རུས་ས་ལེམ་གྱི་གནད་དོན་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཁྲོད་ཀྱི་ཧ་ཅང་ཚོར་སྣང་སྐྱེན་པ་དང་། ཧ་ཅང་རྙོག་དྲ་ཆེ་བ། ཆེས་བྱ་དཀའ་བྱེད་གཏད་དུ་གྱུར་བ་བཅས་ཀྱི་གནད་དོན་ཞིག་རེད། ང་ཚོའི་རེ་བ་ནི་འབྲེལ་ཡོད་ཕྱོགས་ཁག་གིས་འགན་ཁུར་བ་དང་། དངོས་ཡོད། གཞུང་དྲང་བཅས་ཀྱི་རྣམ་འགྱུར་ཐོག་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཞི་བའི་ཕྱོགས་སུ་་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་ལས། གནད་དོན་རྙོག་དྲ་ཆེ་རུ་གཏོང་རྒྱུ་དེ་མ་རེད”ཅེས་བཤད་པ་རེད།
            ཀྲང་མིང་གིས་ལོ་བཅུ་ཕྲག་འགའ་ཤས་རིང་། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་མི་དམངས་ཀྱི་དྲང་བདེན་བྱ་གཞག་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་ཁྲོད་ཧུར་ཐག་ཞུགས་ཀྱི་ཡོད། མིག་སྔར་ཀྲུང་གོ་ཕྱོགས་ཀྱིས“མི་སེར་ལ་དམིགས་པའི་གཏུམ་སྤྱོད་ཀྱི་བྱེད་སྤྱོད་མཐའ་དག་དང་གཞིས་ཆགས་ས་ཆ་རྒྱ་ཆེར་གཏོང་བའི་བྱེད་སྤྱོད་མཐའ་དག་མཚམས་འཇོག་བྱེད་པའི་ཁར། འབྲེལ་ཡོད་ཕྱོགས་ཁག་གིས་ངེས་པར་དུ་འགལ་ཟླ་མཐའ་དག་ཛ་དྲག་ཏུ་མི་འགྲོ་བ་དང་ཐལ་སྐྱོད་ཀྱི་བྱེད་སྤྱོད་སྤེལ་མཚམས་བཞག་ནས་ངོ་ཐུག་གདོང་འཕྲད་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་ཞི་བདེ་ཡོང་རྒྱུའི་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་དྲག་པོ”བྱས་ཡོད། ཧྥ་རན་སེས་གྲོས་འགོ་བཏོན་པའི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེའི་ཚོགས་འདུ་དེ་ཚེས་15ཉིན་ཕ་རི་སིར་འཚོགས་པ་དང་། ད་རེས་ཀྱི་ཚོགས་འདུར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་70ཙམ་ཞུགས་ཡོད། ཀྲང་མིང་གིས་ཕྱོགས་མང་པོ་ཕ་རི་སིར་འཛོམས་ནས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བའི་གནད་དོན་ལ་གྲོས་བསྡུར་བྱས་པ་དེ་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་དེ་འཛམ་གླིང་་དབུས་ཤར་ས་ཁུལ་དང་ཐ་ན་གོ་ལ་ཧྲིལ་པོའི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་སླར་ཡང་ངོས་འཛིན་ཐུབ་ཡོད་ཅེས་བཤད།
            ཀྲང་མིང་གིས་1947ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་ཁག་དབྱེ་བཅོས་སྐྱོང་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱས་ནས་ལོ་70སོང་ཚུན། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ད་དུང་ཐག་གཅོད་ཐུབ་མེད། “དེ་ནི་མི་རྣམས་ཡིད་ཕམ་དགོས་པའི་དོན་དག་ཅིག་རེད”ཅེས་བཤད།
           ཁོང་གིས་1991ལོར་མ་ཏེ་རིའི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེའི་གྲོས་ཚོགས་འཚོགས་ཚུན། ཕ་ལེ་སི་ཐན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་པོ“འདུམ་ཐབས་བྱས་ནས་གྲོས་མོལ་ལ་སྐུལ་བའི”བརྒྱུད་རིམ་ནང་ཀྲུང་གོ་སྔར་ནས་ད་བར་ཆད་མྱོང་མེད། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཀྲུང་གོས་ད་དུང་ཀྲུང་གོའི་ཁྱད་ཆོས་ལྡན་པའི“འཁོར་ལོ་གཉིས་མཉམ་དུ་སྐོར་བའི”ལངས་ཕྱོགས་བཏོན་པ་སྟེ། ཆབ་སྲིད་ཐད་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཐད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕ་ལེ་སི་ཐན་གྱི་བསྐྱར་སྐྲུན་ནང་ཞུཌ་རྒྱ་ཆེ་རུ་གཏོང་དགོས་པ་དེ་ཡིན་ཞེས་ནན་བཤད་བྱས་པ་རེད།
           “འཕེལ་རྒྱས་ཀྱི་ཞི་བདེ་མེད་ན་རྒྱུན་མཐུད་གཏན་ནས་ཐུབ་ཐབས་མེད། འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ལས་ཞུགས་འཕར་བ་བྱས་ཏེ་ཕ་ལེ་སི་ཐན་གྱི་མང་ཚོགས་དང་ལྷག་པར་དུ་ན་གཞོན་ཚོས་འཚོ་བའི་ཁྲོད་ཁོང་ཚོའི་ལ་རྒྱ་བཙལ་ཐུབ་པ་བྱས་ན། ཁོང་ཚོ་ཐལ་སྐྱོད་པའི་བསམ་བློ་དང་གཏུམ་སྤྱོད་ཀྱི་བྱེད་སྤྱོད་དང་རིང་དུ་བྲལ་ནས་ཞི་བདེའི་ཁ་ཕྱོགས་ལ་སྔར་བས་ངོས་འཛིན་ཟབ་ཏུ་འགྲོ་བ་དང་ཞི་བདེའི་སྟོབས་ཤུགས་སྔར་བས་སྟོབས་ཆེར་འགྲོ་སྲིད”ཅེས་ཀྲང་མིང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།