འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཆ་ཏེའི་མཉམ་ལས་ཐད“ཕན་འབྲས་བཟང་པོ”ཐོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་18ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། མ་ལིའི་རྒྱལ་ས་པ་མ་ཁོར་སྐབས་27པའི་ཧྥ་རན་སེ་དང་ཨ་ཧྥེ་རི་ཁའི་འགོ་གཙོའི་གྲོས་ཚོགས་སུ་ཞུགས་པར་ཡོང་མཁན་ཆ་ཏེའི་ཕྱི་འབྲེལ་པུའུ་ཀྲང་མོང་ས·ཧྥ་ཅི·མུའུ་ཧན་མུའུ་ཏེས་ཚེས་14ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོ་ནི་ཆ་ཏེས་སྔོན་དུ་བདམས་པའི་མཉམ་ལས་རོགས་ཟླ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཐད“ཕན་འབྲས་བཟང་པོ”ཐོན་ཡོད་པས་ཆ་ཏེའི་འཕེལ་རྒྱས་ཁྲོད་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
            ཧྥ་ཅེས“ཀྲུང་གོས་ཆ་ཏེའི་རྒྱལ་ས་ཨིན་ཅ་མེ་ནའི་སྤྱི་ལེ་30ཡི་སར་བསྐྲུན་པའི་རྡོ་སྣུམ་བཙོ་སྦྱངས་བཟོ་གྲྭ་ནི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཐད་ཀྱི་ལམ་སྟོན་སྒྲོན་མེ་ལྟ་བུའི་དོན་སྙིང་ལྡན་པའི་རྣམ་གྲངས་ཤིག་ཡིན་པ་དང་ཆ་ཏེས་རྡོ་སྣུམ་ཐོན་རྫས་ཐད་རང་མཁོ་རང་འདང་ཐུབ་རྒྱུ་རེད”ཅེས་བརྗོད་པ་རེད།
           ཁོང་གིས་ཀྲུང་གོས་རྡོ་སྣུམ་གྱི་འབྲེལ་ཡོད་ཐོན་ལས་ཐད་ཆ་ཏེ་དང་མཉམ་ལས་བྱས་ཡོད་པ་མ་ཟད། ད་དུང་རྒྱལ་ཁབ་གཉིས་པོས་རྨང་གཞིའི་སྒྲིག་བཀོད་དང་། ལམ་ཟམ་འཛུགས་སྐྲུན། ནུས་རྒྱུ། སྤྱི་པའི་བདེ་ཐང་བཅས་དང་དེ་བཞིན་ཞིང་ལས་ཁྱབ་ཁོངས་སུ་ཕན་འབྲས་ལྡན་པའི་མཉམ་ལས་བྱས་ཡོད་ཅེས་བརྗོད་པ་དང་། ཁྱབ་ཁོངས་ཁག་ནང་ཆ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་མུ་མཐུད་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པ་རེད།
           ཧྥ་ཅེས་ཨ་ཧྥེ་རི་ཁར་མི་འབོར་དུང་ཕྱུར་12ཡོད་པས་འབྱུང་འགྱུར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཅིང་། ཁོང་གིས“ཨ་ཧྥེ་རི་ཁར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཀྱང་ཆབ་སྲིད་ཀྱི་ཉམས་ཉེན་དང་། བདེ་འཇགས་ཀྱི་ཉེན་ཁ། འཇིགས་སྐུལ་རིང་ལུགས་བཅས་ཀྱིས་དེའི་འཕེལ་རྒྱས་ཐད་འགོག་རྐྱེན་ཆེན་པོ་བཟོས་མོད། འོན་ཀྱང་འབྱུང་འགྱུར་ནི་ཨ་ཧྥེ་རི་ཁར་དབང་རྒྱུ་རེད”ཅེས་བརྗོད་པ་རེད།
          2016ལོའི་ཟླ་བདུན་པའི་ཟླ་མཇུག་ཏུ་ཧྥ་ཅེས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་པེ་ཅིང་དུ་འཚམས་འདྲིར་ཡོང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་ཡི་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ཡོད་པ་རེད།
           “ད་ཆ་ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་རེད། གཡོད་ཧན་ནེ་སི་པའོ་ཡི་དབུ་ཚོགས་ཐོག་ཀྲུང་གོས་ཨ་ཧྥེ་རི་ཁར་ཨ་སྒོར་དུང་ཕྱུར་600ཡི་རྒྱབ་སྐྱོར་བྱེད་རྒྱུའི་ཁས་ལེན་གནང་ཡོད”ཅེས་ཧྥ་ཅེས་བརྗོད་པ་དང་། ཁོང་གིས“དེ་ནི་(ཨ་ཧྥེ་རི་ཁར)རྒྱབ་སྐྱོར་ཆེན་པོ་བྱས་པ་ཞིག་རེད།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མང་དག་ཅིག་སྒྲོམ་གཞི་དེའི་ནང་བྱེད་བཞིན་ཡོད”ཅེས་བརྗོད་པ་རེད།
           ཧྥ་ཅེས་ང་རང་པེ་ཅིང་དུ་འཚམས་འདྲི་བྱེད་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོའི་ཀུང་སིས་ཨ་སྒོར་དུང་ཕྱུར་100ལྷག་ཙམ་ཟིན་པའི་གན་རྒྱ་བཞག་ཡོད། དེ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་གསོན་ཤུགས་ཤིག་ཡིན་པས་དེ་མུ་མཐུད་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།