འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་རི་པིན་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་ངོས་འཛིན་ཐད་ངེས་པར་དུ་ཨེ་ཤེ་ཡའི་གནོད་འཚེ་
    ཕོག་པའི་མི་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་11ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཧན་གོའི་དམངས་ཁྲོད་ཚོགས་པས་ཧྥུའུ་ཧྲན་དུ་བཅའ་སྡོད་རི་པིན་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་མདུན་དུ་འདོད་སྐོང་མའི་སྣང་བརྙན་འཇོག་པའི་ཐད་རི་པིན་དང་ཧན་གོའི་དབར་གྱི་ཕྱི་འབྲེལ་གྱི་རྩོད་གཞི་དེ་ཆེ་རུ་ཕྱིན་པ་རེད། ཚེས་9ཉིན་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས། རི་པིན་ཕྱོགས་ཀྱིས་གལ་སྲིད་ལོ་རྒྱུས་ཀྱི་ཁུར་པོ་དེ་ཕབ་འདོད་ན་ལོ་རྒྱུས་ཀྱི་ངོས་འཛིན་ཐད་ངེས་པར་དུ་ཨེ་ཤེ་ཡའི་གནོད་འཚེ་ཕོག་པའི་མི་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
              ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་བསྐྱོན་སྐབས། ཀྲུང་གོ་ཕྱོགས་ནས་འབྲེལ་ཡོད་གནས་ཚུལ་གྱི་འཕེལ་ཚུལ་ལ་དོ་སྣང་བྱུང་། “ངོ་མ་བྱས་ན། དེ་ནི་ཧན་གོ་དང་རི་པིན་རྒྱལ་ཁབ་གཉིས་དབར་གྱི་རྩོད་གཞི་ཡིན་རུང་། ‘འདོད་སྐོང་མའི’གནད་དོན་ནི་རི་པིན་དམག་རྒྱལ་རིང་ལུགས་པས་དམག་ཆེན་གཉིས་པའི་རིང་རྒྱལ་ཁབ་མང་པོར་མི་ཆོས་ལས་ཚབས་ཆེན་འགལ་བའི་ཉེས་པ་བསགས་པ་ཞིག་རེད། ང་ཚོའི་བསམ་པར་རི་པིན་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་ལེའུ་དེ་ལས་ནམ་ཡང་གྲོལ་མ་ཐུབ་པ་ཅི་ཡིན་མནོ་བསམ་གཏིང་ཟབ་གཏོང་དགོས་འདུག”ཅེས་གསུངས་པ་རེད།
              ལུའུ་ཁང་གིས། རི་པིན་ཕྱོགས་ཀྱིས་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་བྱེད་སྐབས། འགག་རྩའི་གནད་དོན་ཐད་ཕྱེད་བཤད་ཕྱེད་སྐུང་བྱེད་ཀྱི་ཡོད་པ་མ་ཟད། རི་པིན་གྱི་འགོ་ཁྲིད་པ་མུ་ཏིག་གྲུ་ཁར“འདས་མཆོད”དུ་འགྲོ་བ་དང་དུས་མཚུངས། རི་པིན་དམག་རྒྱལ་རིང་ལུགས་ཀྱིས་གནོད་འཚེ་ཚབས་ཆེན་བཏང་བའི་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་སྣང་མེད་དུ་གཏོང་བ་དང་། ལྷག་པར་དུ་རི་པིན་གྱི་དཔོན་རིགས་མུ་ཏིག་གྲུ་ཁ་ནས་རྒྱལ་ནང་དུ་ལོག་སླེབས་རྗེས་ཐད་ཀར་རྒྱལ་བདེ་ལྷ་ཁང་དུ་གུས་མཇལ་ཞུ་བར་ཕྱིན་པ་རེད། རི་པིན་གྱི་འགོ་ཁྲིད་པས་ལོ་རྒྱུས་ཀྱི་གནད་དོན་ལ་རང་སྐྱོན་རང་བརྟག་བྱེད་པའི་ཐད་ཉེ་ས་དོར་ནས་རིང་སར་འགྲོ་བ་དང་། དོན་ཆེན་དོར་ནས་དོན་ཆུང་གཉེར་བ། དོན་དངོས་དོར་ནས་སྟོང་དོན་གཉེར་བ་བཅས་ཀྱི་བྱེད་ཚུལ་ལས་སྐྱེ་བོ་སུས་ཀྱང་རི་པིན་གྱི་ལྷག་བསམ་དང་། ཡིད་རྟོན། གཞུང་དྲང་བཅས་ཚོར་ཐབས་མེད་ཅེས་གསུངས་པ་རེད།
              “རི་པིན་གྱིས་གལ་སྲིད་ལོ་རྒྱུས་ཀྱི་ཁུར་པོ་ཕབ་འདོད་ན། ལོ་རྒྱུས་ཀྱི་ངོས་འཛིན་ཐད་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་། ལྷག་པར་དུ་ཀྱི་གནོད་འཚེ་ཕོག་པའི་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས”ཞེས་ལུའུ་ཁང་གིས་གསུངས་པ་རེད།
               གནས་ཚུལ་སྤེལ་བར་གཞིགས་ན། ཧན་གོའི་གྲོང་མིའི་ཚོགས་པས་ཉིན་ཤས་གོང་ཧན་གོའི་ཧྥུའུ་ཧྲན་དུ་བཅའ་སྡོད་རི་པིན་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་སྒོ་འགྲམ་དུ་གནོད་འཚེ་ཕོག་མཁན་གྱི་མཚོན་བྱེད“འདོད་སྐོང་མའི”སྣང་བརྙན་འཇོག་པར་དམིགས་ནས། ཚེས་6ཉིན་རི་པིན་སྲིད་གཞུང་གིས་ཧན་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁྲང་ལིན་ཨན་ཀྲེང་དང་ཧྥུའུ་ཧྲན་དུ་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་བ་སན་པིན་ཁང་ཅིང་གཉིས་གནས་སྐབས་རྒྱལ་ནང་དུ་བསྐོང་རྒྱུའི་ཐག་བཅད་པ་དང་སྦྲགས། རི་པིན་དང་ཧན་གོའི་དབར་བཞག་པའི“འདོད་སྐོང་མའི”གནད་དོན་ཐད་ཀྱི་གྲོས་དོན་ལག་ལེན་བསྟར་བའི་ལྷག་བསམ་མི་འདུག་ཅེས་ཧན་གོར་སྐྱོན་བརྗོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།