འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཚོ་དམག་སྲུང་སྐྱེལ་དཔུང་རུས་སོ་ཏི་ཨ་རབ་ལ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་11ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཡ་ཏིང་དབན་མཚོ་ཁུག་དང་སོ་མ་ལིའི་མཚོ་ཁོངས་སུ་སྲུང་སྐྱེལ་ལས་འགན་ལེགས་སྒྲུབ་བྱས་མ་ཐག་པའི་ཀྲུང་གོའི་མཚོ་དམག་སྲུང་སྐྱེལ་དཔུང་རུ་ཁག་ཉེར་བཞི་པ་ཚེས་9ཉིན་སོ་ཏི་ཨ་རབ་ཅི་ཏ་གྲུ་ཁར་འབྱོར་ནས་སོ་ཏི་ཨ་རབ་ལ་དུས་ཡུན་ཉིན་5ཡི་མཛའ་གྲོགས་འཚམས་འདྲི་བྱེད་འགོ་ཚུགས་པ་རེད། དེ་ནི་ཀྲུང་གོའི་མཚོ་དམག་སྲུང་སྐྱེལ་དཔུང་རུས་སོ་ཏི་ཨ་རབ་ལ་དངོས་གཞིའི་འཚམས་འདྲི་བྱེད་ཐེངས་གཉིས་པ་ཡིན་པ་རེད།
             སྲུང་སྐྱེལ་དཔུང་རུ་ཁག་ཉེར་བཞི་པའི་ཧར་པིན་དམག་གྲུ་དང་། ཧན་ཏན་དམག་གྲུ། ཏུང་ཕིང་ཧུའུ་དམག་གྲུ་བཅས་ས་གནས་དེ་གའི་དུས་ཚོད་ཚེས་9ཉིན་གྱི་ཆུ་ཚོད་10པར་ཅི་ཏ་གྲུ་ཁར་དལ་གྱིས་འབྱོར་བ་རེད། གྲུ་གཟིངས་ཀྱི་གཅལ་ཐོག་ཏུ་དམག་ཆས་དཀར་གཙང་གྱོན་པའི་དཔོན་དམག་གྲལ་སྟར་འགྲིག་པོས་རུ་སྒྲིག་ཡོད་པ་རེད། སོ་ཏི་ཨ་རབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཧྭ་ཤིན་དང་། ཅི་ཏར་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་པ་ཨན་ཝར་དང་གཞུང་ཚབ་ཁང་གི་ལས་དོན་མི་སྣ། ཀྲུང་གོའི་མ་འཇོག་སྒྲིག་གཞིའི་ལས་དོན་མི་སྣ། ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ། སོ་ཏི་ཨ་རབ་ཀྱི་མཚོ་དམག་དཔོན་དམག་གི་འཐུས་མི་སོགས་མི་200ལྷག་ཙམ་གྱིས་གྲུ་ཁར་ཕེབས་བསུ་ཞུས་པ་རེད།
            འཚམས་འདྲི་བྱེད་རིང་དཔུང་རུས་གྲུ་གཟིངས་ཀྱི་གཅལ་ཐོག་སྣེ་ལེན་ཚོགས་འདུ་འཚོགས་རྒྱུ་དང་། དཔུང་རུའི་བཀོད་འདོམས་པས་སོ་ཏི་ཨ་རབ་མཚོ་དམག་གི་ནུབ་རྒྱུད་དམག་གྲུའི་རུ་ཁག་གི་དཔོན་རིགས་དང་མཇལ་འཛོམས་བྱ་རྒྱུ་དང་འབྲེལ་དཔོན་དམག་གི་འཐུས་མི་དང་མཉམ་དུ་སོ་ཏི་ཨ་རབ་མཚོ་དམག་གི་དམག་གྲུ་དང་། མཚོ་དམག་གི་འཐབ་ཇུས་ལྟེ་གནས། མཚོ་ཐོག་མེ་ཟོན་འདྲ་བཟོའི་ལྟེ་གནས་བཅས་ལ་ལྟ་སྐོར་བྱ་རྒྱུ་ཡིན་པ་རེད། སོ་ཏི་ཨ་རབ་མཚོ་དམག་གི་མཐོ་རིམ་དཔོན་རིགས་དང་དཔོན་དམག་གི་འཐུས་མིས་ད་དུང་ཧར་པིན་དམག་གྲུ་དང་ཧན་ཏན་དམག་གྲུར་ལྟ་སྐོར་བྱ་རྒྱུ་ཡིན་པ་རེད།
             སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱེད་མཇུག་འགྲིལ་རྗེས་སྲུང་སྐྱེལ་དཔུང་རུ་ད་དུང་ཁ་ཐར་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁུ་ཝེ་ཐེ་བཅས་རྒྱལ་ཁབ་ཁག་ཏུ་འཚམས་འདྲིར་བསྐྱོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།