འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱིས་དམངས་འཚོའི་འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲུའུ་ལུང་ཁྲོན་དང་ལུའུ་རུའེ་ཡིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་11ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           འདས་ཟིན་པའི་2016ལོར། ཁྲའོ་ཞན་གྱིས་དམངས་འཚོའི་འདུ་འགོད་དང་ཚན་རྩལ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་དམངས་འཚོའི་འདུ་འགོད་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་རེད།
             དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་ཨེན་གྱིས་བཏོན་པའི“མཉམ་སྒྲུབ་ལམ་ཕྱོགས”(དཔལ་འབྱོར་འཕེལ་རྒྱས་དང་ཉིང་རྡུལ་མཚོན་ཆ་བཟོ་རྒྱུ་གཉིས་ཀར་སྐུལ་འདེད་གཏོང་བ)ཀྱི་ནང་དོན་གལ་ཆེན་ཞིག་རེད་ལ་ཅིན་ཀྲེང་ཨེན་གྱིས་སྲིད་བསྐྱངས་ནས་ལོ་5སོང་བའི་རིང་ལོ་ལྟར་ལོ་གསར་ཤིས་ཚིག་ནང་ནན་བཤད་བྱེད་ངེས་ཡིན་པའི་ཆ་ཤས་ཤིག་ཀྱང་རེད། 2016ལོའི་ཟླ་5པར་འཚོགས་པའི་ངལ་རྩོལ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པའི་ཐོག་ཅིན་ཀྲེང་ཨེན་གྱིས་དཔལ་འབྱོར་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ནི་མིག་སྔར་ཁྲའོ་ཞན་ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ནུས་ཤུགས་ཡོད་རྒུ་གཅིག་སྡུད་བྱས་ཏེ་རྒྱུན་འཁྱོངས་བྱེད་དགོས་པའི་གཞི་རྩའི་ལམ་ཕྱོགས་ཤིག་ཡིན་པས་2016ལོ་ནས་2020ལོ་བར་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་ལྔའི་འཐབ་ཇུས་ལག་ལེན་ཏན་ཏིག་བསྟར་དགོས་ཞེས་སླར་ཡང་ནན་བཤད་བྱས་ཡོད།
            ཅིན་ཀྲེང་ཨེན་གྱིས་སྲིད་བསྐྱངས་པ་ནས་བཟུང་ཁྲའོ་ཞན་གྱི་དམངས་འཚོའི་འདུ་འགོད་འཛུགས་སྐྲུན་ལེགས་སུ་ངེས་ཅན་ཕྱིན་པ་དང་རྒྱལ་ས་ཕོང་དབྱང་དུའང་རྣམ་པ་གསར་པ་མངོན་ཡོད། ཕོང་དབྱང་གྲོང་ཁྱེར་དུ་དེང་རབས་ཅན་གྱི་ཁྲོམ་གཞུང་མང་པོ་གསར་དུ་བསྐྲུན་ཡོད་པ་དང་ཕྱི་རྒྱལ་གྱི་ཚོང་ཁང་དང་ཟ་ཁང་ཡང་མང་དུ་ཕྱིན་པ་མ་ཟད། ཚོང་ཁང་ནང་ཁྲའོ་ཞན་རང་ནས་ཐོན་པའི་ཚོང་ཟོག་ཀྱང་དེ་བས་མང་བ་བསྒྲིགས་ཡོད། ཚང་ཐན་ཁྲོམ་གཞུང་དང་། ཀོང་ཕུའུ་ཁྲོམ་གཞུང་། ཕོང་དབྱང་ཤར་མའི་གཞུང་ཚབ་ཁུལ་སོགས་ཚོང་ལས་ཁུལ་དུ་ཀོག་ཧྥེ་ཁང་དང་། ནུབ་ཟས་ཁང་། མགྱོགས་ཟས་ཁང་བཅས་དེ་བས་མང་བ་བཙུགས་ཤིང་། ཟ་ཁང་ནང་ལས་ཀ་བྱེད་མཁན་ཁྲའོ་ཞན་གྱི་མ་བྱན་ཡང་མང་ཆེ་བ་ཕྱི་རྒྱལ་དུ་གསོ་སྦྱོང་ལ་འགྲོ་མྱོང་བ་དང་ཁྲའོ་ཞན་དམངས་ཚོགས་ལ་ནུབ་ལུགས་ཟས་རིགས་སྤུས་དག་བཟོ་གི་ཡོད། གཞན་ཡང་ཕོང་དབྱང་གི་རོལ་རྩེད་སྒྲིག་ཆས་ཀྱང་རིམ་བཞིན་མང་དུ་སོང་ནས་དམངས་ཚོགས་ཀྱི་ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད། གཟའ་མཇུག་དང་དུས་ཆེན་དགུང་སེང་འཁེལ་རིམ་བཞིན་དམངས་ཚོགས་མང་པོ་ཀྲུང་དབྱང་སྲོག་ཆགས་གླིང་དང་ཀྲུང་དབྱང་སྐྱེ་དངོས་གླིང་དུ་འཛོམས་ནས་ལྟ་རོལ་བྱེད་པའམ་ཡང་ན་ཆུ་ཐོག་རོལ་རྩེད་བྱ་ཡུལ་དང་། ཚ་ཁ་འགྲན་ཁང་། པའོ་ལིན་སྤོ་ལོ་ཁང་། རྟ་ར་སོགས་རོལ་རྩེད་བྱ་ཡུལ་མང་པོར་སྤྲོ་གསེང་བྱེད་པ་མཐོང་ཐུབ།
            2016ལོར། ཁྲའོ་ཞན་གྱིས་ད་དུང་དམངས་ཕན་འདུ་འགོད་རབ་དང་རིམ་པ་ལེགས་སྒྲུབ་བྱས་ཤིང་། དྭ་ཕྲུག་ལ་སློབ་འབྲིང་སློབ་གསོ་གཏོང་ཡུལ་ཕོང་དབྱང་འབྲིང་རིམ་སློབ་གླིང་བསྐྱར་བསྐྲུན་བྱས་པ་དང་། ཀྲུང་དབྱང་སྲོག་ཆགས་གླིང་ཉམས་གསོ་བྱས་པ་དང་འབྲེལ་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་པ། པའེ་ཐའུ་རི་བོའི་གཞོན་ནུ་དཔའ་བོའི་གློག་ཁང་ཨང་3པ་སོགས་གློག་ཤུགས་ཐོན་སྐྱེད་རྟེན་གཞི་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ནས་ཁྲའོ་ཞན་གྱི་ས་ཆ་མང་པོ་ཞིག་གི་གློག་དཀོན་པའི་གནད་དོན་བསལ་བ། ཆུ་ཐོན་ཐོན་རྫས་ཚོང་ཁང་མང་པོ་ཞིག་སྒྱུར་བཀོད་བྱས་ཏེ་འཕྲུལ་ཆས་ཅན་གྱི་དེང་རབས་ཆུ་ཐོན་ཐོན་རྫས་རྟེན་གཞིར་སྒྱུར་ནས་རྒྱལ་སའི་དམག་དམངས་ལ་ལོ་ཧྲིལ་པོར་ཉ་ཤ་འདང་ངེས་ཡོད་པའི་འགན་ལེན་བྱས་ཡོད། གཞན་ཡང་། 2016ལོར་ཁྲའོ་ཞན་གྱིས་ད་དུང་ཐོ་རེངས་ཁྲོམ་གཞུང་འདུ་འགོད་ལག་ལེན་བསྟར་འགོ་བཙུགས་ཤིང་། མིག་སྔར་བསྐྲུན་དང་བསྐྲུན་མུས་ཡིན་པའི་འདུ་འགོད་དེ་ལེགས་གྲུབ་ཟིན་རྗེས་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་ཆེན་གྱི་དགེ་རྒན་ལས་བཟོ་དང་དེ་བཞིན་ཚན་ཞིབ་སློབ་གསོའི་སྒྲིག་གཞི་གཞན་དག་གི་ལས་དོན་མི་སྣར་སྡོད་གནས་མཁོ་འདོན་ཐུབ་རྒྱུ་རེད།
             ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་5ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཅིན་ཀྲེང་ཨེན་གྱི་2017ལོའི་ལྟ་ཞིབ་བྱེད་སྒོ་དང་པོ་ནི་གསར་དུ་བསྐྲུན་པའི་ཕོང་དབྱང་ཀོ་ཕད་བཟོ་གྲྭར་ཕྱིན་པ་དེ་རེད། འཕྲིན་སྤེལ་ནང་བཟོ་གྲྭ་དེས་ལོ་རེར་དཔེ་ཁུག་ཁྲི་24ལྷག་ཙམ་དང་ཀོ་ཕད་ཁྲི་6ལྷག་ཙམ་ཐོན་སྐྱེད་བྱེད་ཐུབ་ཅེས་བཤད་ཡོད།
             ཅིན་ཀྲེང་ཨེན་གྱིས་2017ལོའི་ལོ་གསར་གྱི་ཤིས་ཚིག་ནང་འདི་ལོ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་ལྔའི་འཐབ་ཇུས་དོན་འཁྱོལ་བྱ་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་ལོ་ཞིག་རེད་ཅེས་བཤད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།