འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་
    རིང་གཙོ་གནད་ལས་དོན་ཆེ་ཁག་བཞི་སྒྲུབ་རྒྱུ་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་05ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་3ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རིང་གཙོ་གནད་ལས་དོན་ཆེ་ཁག་བཞི་སྒྲུབ་རྒྱུ་ཡོད་ཅེས་གསུངས་པ་རེད།
           ཀེང་ཧྲོང་གིས། ཀྲུང་གོས་2017ལོའི་ཟླ་1ཚེས་1ཉིན་ནས་དངོས་སུ་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་དང་འབྲེལ། ཟླ་9པར་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་གྱིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་དགུ་པ་གཙོ་གཉེར་བྱ་རྒྱུ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཟླ་1ཚེས་1ཉིན་དེ་མིན་གྱི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་གློག་འཕྲིན་བཏང་གནང་ནས་2017ལོའི་འབོ་གསེར་རྒྱལ་ཁབ་ཀྱི“ཀྲུང་གོའི་ལོ”འགོ་ཚུགས་པ་དང་། དེ་ཐོག་ནས་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས་ཀྲུང་གོའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་མཚོན་ཡོད་ཅེས་གསུངས་པ་རེད།
           “ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རིང་། ཀྲུང་གོ་ཕྱོགས་ནས་འབོ་གསེར་རྒྱལ་ཁབ་ཁག་དང་མཉམ་དུ‘འབོ་གསེར་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད’ཅེས་པའི་བརྗོད་བྱ་གཙོ་བོར་དམིགས་ཏེ། འདས་པའི་ལོ་བཅུའི་འབོ་གསེར་མཉམ་ལས་ཀྱི་ཉམས་མྱོང་ལ་ཕྱིར་བལྟ་དང་ཕྱོགས་སྡོམ་བྱས་ཁར། ལག་གདང་འབྲེལ་ནས་མ་འོངས་ཀྱི་འཕེལ་རྒྱས་བསམ་འདུན་འཆར་འགོད་བྱེད་པའི་རེ་སྒུག་ཞུ་བཞིན་ཡོད”ཅེས་ཀེང་ཧྲོང་གིས་གསུངས།
           ཀེང་ཧྲོང་གིས། ཞིབ་ཕྲའི་ཆ་ནས་བཤད་ན། ཀྲུང་གོ་ཕྱོགས་ཀྱི་ལས་དོན་ལ་གཙོ་གནད་བཞི་ཡོད་པ་སྟེ། གཅིག་ནི་དཔལ་འབྱོར་མཉམ་ལས་ཀྱིས་གཙོ་རྐང་བྱས་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་བ་མ་ཟད། ཚོང་དོན་མ་འཇོག་གི་བསྡུ་སྒྲིལ་ཆེ་མོ་དང་། དངུལ་ལོར་དངུལ་རྩའི་འཁོར་རྒྱུག་ཆེ་མོ། རྨང་གཞིའི་སྒྲིག་བཀོད་ཀྱི་འབྲེལ་མཐུད་ཆེ་མོ། མི་སྣའི་རིག་གནས་ཀྱི་སྤེལ་རེས་ཆེ་མོ་བཅས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་དང་། གཉིས་ནི་རྒྱལ་སྤྱི་དང་ས་གནས་ཀྱི་གལ་ཆེའི་གནད་དོན་ཐད་མཐུན་སྦྱོར་བྱ་སྤྱོད་སྤེལ་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་ཡོང་རྒྱུར་སྐུལ་སྤེལ་བཏང་ཁར། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པ། གསུམ་ནི་སྤྱི་ཚོགས་དང་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་པའི་བཀྲག་མདངས་འཚེར་ས་གསར་པ་ཧུར་ཐག་བཏོད་ནས། འབོ་གསེར་མཉམ་ལས་དེ་དམངས་ཀྱི་སེམས་སུ་ཟུག་རྒྱུར་སྐུལ་སྤེལ་བཏང་སྟེ་མི་དམངས་ལ་བདེ་བ་སྐྲུན་དགོས་པ། བཞི་ནི་མུ་མཐུད་འབོ་གསེར་མཉམ་ལས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དེ་བས་ཁྱབ་རྒྱ་ཆེ་བའི་རོགས་ཟླའི་འབྲེལ་བ་བཙུཌ་ཐོག འབོ་གསེར་གྱི“གྲོགས་ཚོགས”རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་དགོས་པ་བཅས་སོ།
           ཀེང་ཧྲོང་གིས། ཀྲུང་གོ་ཕྱོགས་ཀྱིས་སྒོ་དབྱེ་ཁོང་ཡངས་དང་མཉམ་ལས་གཉིས་ཁེའི་འབོ་གསེར་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས་ཕྱོགས་ཁག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཞ་མོན་གྱི་མཇལ་འཛོམས་ཐུགས་གྲ་ལེགས་སྒྲིག་ཡོང་བའི་འགན་ལེན་བྱེད་པ་མ་ཟད། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཁར། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་དང་རྒྱལ་ཁབ་ཁག་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཕྱིར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།