འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བྱང་ཀྲོའུ་ཡི་འབྲོག་པའི་རེ་བ་གསར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་03ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་གཅིག་གི་དུས་ཚོད་ནང་མང་ཚོགས་129ཡི“དབུལ་པོའི”ཞྭ་མོ་བརྟན་པོའི་ངང་ཕུད་ཡོད། ས་ཐག་རྒྱང་བའི་མཚོ་སྔོན་ཞིང་ཆེན་གྱི་བྱང་ཕྱོགས་སུ་ཡོད་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་དབྱང་ལུང་ཤང་གིས་ན་ནིང“ཐབས་མང་མཉམ་སྤྱོད”ཀྱིས་དབུལ་སྐྱོར་བྱས་པ་བརྒྱུད་གྲོང་ཚོ་གཉིས་དབུལ་སྒྲོལ་ཐུབ་པ་རེད།
         འབྲོག་ཁུལ་དུ་ཡོད་པའི་མདོ་ལ་རྫོང་དབྱང་ལུང་ཤང་ལ་ཆ་མཚོན་ན། མི་འབོར་དབུལ་པོ་ཕལ་ཆེ་བ་རྩྭ་ཐང་ཐོག་ཁ་གྲམ་ནས་བསྡད་ཡོད་པས་དབུལ་སྒྲོལ་བྱེད་ཁག་པོ་ཡོད། ལོ་གཅིག་རིང་དབྱང་ལུང་ཤང་གིས་གོ་སྐབས་དམ་འཛིན་དང་མ་དངུལ་བསྡུ་སྒྲིལ་བྱས་པའི་ཁར། རྣམ་གྲངས་ལ་རོགས་སྐྱོར་དང་། ཐོན་ལས་ལ་རོགས་སྐྱོར། དེ་བཞིན་རྣམ་གྲངས་དང་ཐོན་ལས་ཟུང་འབྲེལ་བཅས་ཐབས་མང་མཉམ་སྤྱོད་བྱས་ནས་རྩྭ་ཐང་ལ་རེ་བ་གསར་པ་སྦྱིན་པ་རེད།
        “རང་ཉིད་ལ་དབང་བའི་སྡོད་ཁང་མེད་པ་དང་། སྦྲ་གུར་གྱི་ཕྱོགས་གང་ས་ནས་རླུང་བུ་འཛུལ་བ། བཟའ་ཟླར་གྲུམ་ནད་ཚབས་ཆེན་ཕོག་ཡོད་པས་འཁྱགས་ས་མེད་པ། བུ་མོའང་གཟུགས་པོ་ཐང་པོ་མེད་པ། རང་ཉིད་ཀྱིས་མི་གཞན་ལ་ཕྱུགས་འཚོ་རོགས་བྱས་པ་ལས་བྱུང་བའི་ཡོང་འབབ་ཁྱིམ་ཚང་གི་འཚོ་རྟེན་འབའ་ཞིག་ཡིན་པ”འདི་ནི་ལོ་གཉིས་གོང་ཨ་གར་གྲོང་ཚོའི་འབྲོག་པ་ཚེ་བྷོའི་ཁྱིམ་ཚང་གི་གནས་ཚུལ་རེད། 2016ལོར་དབྱང་ལུང་ཤང་གིས་རྣམ་གྲངས་མ་དངུལ་སྒོར་ཁྲི་377བསྡུ་སྒྲིལ་བྱས་ཏེ། ཚེ་བྷོ་ཚུད་པའི་དུད་ཚང་དབུལ་པོ་58ལ་སྡོད་ཁང་གསར་པ་བརྒྱབ་པ་དང་། ཆུ་འཁྲིད་པ། ལམ་བཟོས་པ་མ་ཟད། ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་བསྡུ་རུབ་བྱས་ནས་དུད་ཚང་དབུལ་པོར་མ་མོ་ཉོས་པ་དང་། འབྲོང་རྒྱུད་འབྲི་གཡག་དང་བོད་ལུག་ནག་པོ་ཁྱད་ལྡན་གསོ་ཚགས་བྱེད་རྒྱ་ཆེ་རུ་བཏང་བས་གྲོང་ཚོ་ཡོངས་ཀྱི་འབྲོག་པའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པ་རེད།
         2016ལོའི་ལོ་སྟོད་དུ་དབྱང་ལུང་ཤང་གིས་རྣམ་གྲངས་དབུལ་སྐྱོར་འཆར་གཞི་གོ་རིམ་ལྡན་པའི་ངང་བཀོད་ནས་ལས་རིགས་མང་པོའི་དབུལ་སྐྱོར་རྣམ་གྲངས་བརྩོན་ལེན་བྱས་པ་དང་། སྡོད་ཁང་གསར་པ་244བརྒྱབ་པ། སྤྱི་ལེ་20ལྷག་ཙམ་ཟིན་པའི་གྲོང་གསེབ་ཀྱི་སེག་མའི་ལམ་ཉམས་བཟོ་བྱས་པ། ཟམ་ཆུང་གསུམ་ཉམས་བཟོ་བྱས་པ། རྩྭ་ར་སྤྱི་ཆིང་ཁྲི་1.3ཙམ་ལ་ལྕགས་དྲ་བསྐོར་བ། རྫོང་གི་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་གྱིས་མི་གཅིག་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་བཀོད་སྒྲིག་བྱས་པ་དང་སྣོད་བཅུད་ལྟ་སྲུང་བ་41བསྡུས་ཡོད་པ་རེད།
         ཨ་གར་དང་ཆོས་འཁོར་གྲོང་ཚོ་གཉིས་པོའི་མཉམ་ལས་ཁང་ལ་དུད་ཚང་23ཞུགས་ཡོད་པ་དང་། མིག་སྔའི་བར། ཀྲོའུ་དང་། རྫོང་། ཤང་བཅས་ཀྱིས་མ་དངུལ་སྒོར་ཁྲི་50བཏང་བ་དང་། རྣམ་གྲངས་མ་དངུལ་སྒོར་ཁྲི་37.5བསྡུ་སྒྲིལ་བྱས་པ། འབྲོག་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་3000ཟིན་པ། ཁྱད་ལྡན་གསོ་ཚགས་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་230ཟིན་ཡོད་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།