འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱིས"ཨུ་རུ་སུ་བསླུ་བྲིད་བྱས་ནས་ཀྲུང་གོ་སྐོར་བཀག་བྱས་པའི"ལྐོག་གཡོ་དེ་
    ནམ་ཡང་སྒྲུབ་མི་སྲིད།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གདན་ཞུས་ལྟར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་རི་པིན་ལ་བཅར་འདྲི་བྱས་པ་རེད། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་གོ་སྐབས་དེ་དང་བསྟུན་ནས་རི་པིན་དང་ཨུ་རུ་སུའི་མངའ་ཁོངས་ཀྱི་གནད་དོན་ཐད་ཚད་བརྒལ་ཡོང་རེ་བྱས་པ་མ་ཟད། ཨུ་རུ་སུ་བསླུ་བྲིད་བྱས་ནས་ཀྲུང་གོ་སྐོར་བཀག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཕྱི་འབྲེལ་གྱི་རྒྱག་ཆ་ཚད་ཡོད་ཡིན་པ་དང་རི་པིན་གྱིས་ས་ཁོངས་ཆབ་སྲིད་ཀྱི་ཚོད་འཛིན་ལས་གཡོལ་ཐབས་བྲལ་བ་དང་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་རྨང་གཞིར་གཡོ་འགུལ་ཐེབས་ཐབས་བྲལ་བས་ཁོག་རྩིས་དེ་ལྟ་བུ་རེ་སྟོང་དུ་འགྱུར་ངེས་རེད།
        ཨན་པེས་དང་ཐོག་ནས་ནུབ་ཕྱོགས་ཀྱི་བཀག་སྡོམ་ཕོག་པ་དང་ཆབ་སྲིད་དང་དཔལ་འབྱོར་བར་མཐོངས་ཀྱི་གནོན་ཤུགས་ཕོག་པའི་ཨུ་རུ་སུས་ནུབ་ཕྱོགས་ཀྱིས་མཐའ་སྐོར་བ་ལས་རི་པིན་གྱི་མ་དངུལ་རྒྱབ་སྐྱོར་ཐོབ་རེ་བྱས་ནས་མངའ་ཁོངས་ཀྱི་གནད་དོན་ཐད་བསམ་ཤེས་བྱེད་ཀྱི་རེད་སྙམ་རུང་། “བསམ་ཡུལ་ལས་འདས་པར”ཐེ་རོན་ཕུ་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བས་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་ལེགས་སུ་འགྲོ་རྒྱུ་མངོན་གསལ་དོད་དུ་ཕྱིན་པས“རི་པིན་གྱི་གདམ་གཞིའི”ཡིད་དབང་འགུག་ཤུགས་ཆག་སྟབས་ཨན་པེའི་ཕྱི་འབྲེལ་གྱི་རྒྱག་ཆ་གལ་ཆེན་དེ་མེད་པར་འགྱུར་རྒྱུ་རེད།
        རི་པིན་དུ་འཚམས་འདྲིར་མ་སྐྱོད་གོང་ཕུའུ་ཅིང་གིས་རི་པིན་ཕྱོགས་ལ་ཨུ་རུ་སུ་དང་རི་པིན་དབར་མངའ་ཁོངས་ཀྱི་རྩོད་གཞི་གནས་མེད། རི་པིན་ཕྱོགས་རྐྱང་པས་རྒྱལ་ཁབ་གཉིས་པོའི་དབར་མངའ་ཁོངས་ཀྱི་གནད་དོན་གནས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་ཨུ་རུ་སུའི་དཔོན་རིགས་ཀྱིས་ཀྱང་རི་པིན་ཕྱོགས་ལ་ཕྱོགས་གཉིས་པོས་ཡག་ཤོས་བྱུང་ན་གཙོ་གནད་ཚོང་དོན་འགྲོ་འོང་ཐད་འཇོག་རྒྱུའི་ཐ་ཚིག་བསྒྲགས་ཡོད།
        ཨན་པེ་སྲིད་གཞུང་གིས་ཨུ་རུ་སུ་བསླུ་བྲིད་བྱེད་པའི་ལྐོག་གཡོ་གཞན་ཞིག་ནི་ཀྲུང་གོ་སྐོར་བཀག་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་རེད།
        ཨན་པེས་དེ་སྔ་ཉེ་འགྲམ་གྱི་མི་སྣར་རི་པིན་གྱི་བདེ་འཇགས་འགན་ལེན་ཁྱབ་ཁོངས་ཐད་ཀྱི་དགྲ་ཡ་ཆེ་ཤོས་ནི་ཨུ་རུ་སུ་མ་ཡིན་པར་ཀྲུང་གོ་ཡིན་ལུཌ་བརྗོད་མྱོང་ཡོད།
        འོན་ཀྱང་ཨུ་རུ་སུ་ཡིན་ནའང་འདྲ་ཡང་ན་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་གང་ཞིག་ཡིན་རུང་ཚང་མས་ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་བཏང་ཡོད། ཕྱི་འབྲེལ་གྱི་བདེ་འཇགས་འཐབ་ཇུས་ཐད་ཁོང་ཚོ་སོ་སོར་རང་ཉིད་ཀྱི་བསམ་གཞིག་བྱེད་ས་ཡོད་སྟབས་རི་པིན་གྱིས་ཁེ་ཕན་གཉེར་བའི་མིག་མངས་ཀྱི་རྡེའུ་ལྟ་བུ་ཞིག་ཏུ་གྱུར་མི་སྲིད།
        རང་ཉིད་ར་སྤྲོད་བྱ་རྒྱུར་བྲེལ་བའི་ཨན་པེ་སྲིད་གཞུང་ལ་ཉེ་བའི་ལོ་ཤས་རིང་ཕྱི་འབྲེལ་ཁྱབ་ཁོངས་ཐད་ཕམ་ཉེས་མང་པོ་བྱུང་ཡོད། སྒེར་ཕན་ཁོ་ན་བསམ་ཞིང་རང་སྡུག་གཞན་ལ་འགེལ་བའི་ཕྱི་འབྲེལ་བསམ་བློ་དེ་འདྲ་ཞིག་ཡོད་པར་བརྟེན་རི་པིན་ལ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཡིད་ཆེས་ཐོབ་ཐབས་བྲལ་བ་ནི་སྨོས་མེད་རེད། “ཨུ་རུ་སུ་བསླུ་བྲིད་བྱས་ནས་ཀྲུང་གོ་སྐོར་བཀག་བྱེད་པ”དེ་ནི་རང་གི་འདོད་པ་ལྟར་གྱི་ཧམ་སེམས་ཆེ་བའི་རེ་སྟོང་ཙམ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།