འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐུ་ཚབ་ཀྱིས་འཇིགས་རྒོལ་བྱ་སྤྱོད་ཐད་ཁྲིམས་ལུགས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་
    སྣོན་རྒྱག་དགོས་པའི་འབོད་སྐུལ་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 12:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཝུའུ་ཧའེ་ཐའོ་ཡིས་རྒྱལ་ཁབ་ཁག་གིས་འཇིགས་རྒོལ་བྱ་སྤྱོད་ཐད་ཁྲིམས་ལུགས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོ་དང་ས་ཁུལ་དུ་འཇིགས་རྒོལ་མཉམ་ལས་ཀྱི“ཁྲིམས་ཀྱི་དྲ་བ”བཙུགས་ནས་འཇིགས་སྐུལ་རིང་ལུགས་པ་ཆགས་ས་ཡིབ་ས་མེད་པ་བཟོ་དགོས་པའི་འབོད་སྐུལ་གནང་བ་རེད།
         ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཇིགས་རྒོལ་གྱི་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་གནད་དོན་ལ་དམིགས་ཏེ་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་མ་ཟད། འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་ཡང་བྱས་པ་རེད། ཝུའུ་ཧའེ་ཐའོ་ཡིས་གཏམ་བཤད་གནང་སྐབས་འཇིགས་སྐུལ་ལ་ངོ་རྒོལ་གྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་འཇིགས་སྐུལ་ལ་ངོ་རྒོལ་གྱི་མཉམ་ལས་སྤེལ་བའི་རྒྱལ་ནང་ཁྲིམས་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་བླང་བྱ་གཞིར་བཟུང་རྒྱལ་ཁབ་ཁག་གིས་མིག་སྔའི་འཇིགས་སྐུལ་རིང་ལུགས་པས་འཇིགས་སྣང་སྐུལ་བར་དམིགས་ཏེ་འཇིགས་རྒོལ་གྱི་ཁྲིམས་འཛུགས་གསར་བཟོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། དུས་མཚུངས་སུ་རྒྱལ་ཁབ་ཁག་གི་གནས་ཚུལ་དང་དོན་དངོས་འདྲ་གི་མེད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་ཁྲིམས་འཛུགས་དང་ཁྲིམས་འཛིན་དབང་ཆར་བརྩི་འཇོག་བྱེད་དགོས་ཞེས་གསུངས་པ་རེད།
         ཝུའུ་ཧའེ་ཐའོ་ཡིས་འཇིགས་སྐུལ་ལ་ངོ་རྒོལ་གྱི་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྒྱལ་ཁོངས་ལས་བརྒལ་བའི་འཇིགས་སྐུལ་རིང་ལུགས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུའི་ཐབས་ལམ་གལ་ཆེན་ཞིག་རེད། རྒྱལ་ཁབ་ཁག་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལག་བསྟར་ཡག་པོ་དང་། ཕྱོགས་གཉིས་སམ་ཕྱོགས་མང་གི་ཁྲིམས་འཛིན་མཉམ་ལས་ཆིངས་ཡིག་དོན་འཁྱོལ་ཡག་པོ། ཉེས་དོན་ཁྲིམས་འཛིན་རོགས་ལས་དང་བཟུང་སྐྱེལ་རྩིས་སྤྲོད་སོགས་རྣམ་པའི་ཐོག་ནས་མཉམ་ཤུགས་འདོན་ཏེ་འཇིགས་སྐུལ་པ་རྣམས་ཁྲིམས་ལ་སྦྱོར་དགོས། རྒྱལ་ཁབ་ཁག་གིས་འཇིགས་སྐུལ་ལ་ངོ་རྒོལ་གྱི་ཁྲིམས་འཛིན་མཉམ་ལས་བྱེད་སྐབས་ཚད་གཞི་གཉིས་བཟུང་རྒྱུ་མེད་ལ་འབྲེལ་ཡོད་ཁྲིམས་འཛིན་མཉམ་ལས་ཆབ་སྲིད་ཅན་དུའང་སྒྱུར་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་འཇིགས་སྐུལ་ལ་ངོ་རྒོལ་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། ད་དུང་འབྲེལ་ཡོད་ཉེས་དོན་ཁྲིམས་འཛིན་རོགས་ལས་དང་བཟུང་སྐྱེལ་རྩིས་སྤྲོད་ཆིངས་ཡིག་སོགས་གྲོས་མོལ་ཆིངས་འཇོག་ལས་དོན་ལའང་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།