འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཇ་རྟ་ཚོང་ལམ་གྱི་ཚོན་མདོག་རྣམ་པར་བཀྲ་བའི་ཚྭ་ཞིང་།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཇ་རྟ་ཚོང་ལམ་གྱི་ཚོན་མདོག་རྣམ་པར་བཀྲ་བའི་ཚྭ་ཞིང་།
         མི་དམངས་དྲ་བའི་འཕྲིན། སྨར་ཁམས་རྫོང་གྲོང་ནས་རྡོག་ཐོན་བྱས་ཏེ་ཧུང་ལ་རི་བོ་བརྒལ་བ་དང་རྫ་ཆུ་བརྒྱུད་ལྷོ་ཕྱོགས་སུ་སྐྱོད་སྐབས། ལམ་བར་གཙང་ཆུ་ལང་ལོང་དུ་རྒྱུག་པ་དང་ཡུན་བོད་འབྲེལ་མཚམས་ཀྱི་རི་ཁུག་ཏུ“S”དབྱིབས་ཀྱི་སྐོར་ལམ་ཞིག་ཆགས་ཤིང་། དེར་བོད་རིགས་ས་ཁུལ་དུ་སྐད་གྲགས་ཆོད་པའི་ཚྭ་ཁ་ཡོད། ཚྭ་ཁ་ལྷོའི་འཇང་མི་རིགས་ཤང་བོད་ལྗོངས་སྨར་ཁམས་རྫོང་དུ་གནས་པ་དང་ལོ་རྒྱུས་ཐོག་དེ་ནི་བོད་ནས་འཇང་དུ་སྐྱོད་སའི་ལམ་གཙོ་བོ་ཡིན་ལ། ཡུན་ནན་ནས་བོད་དུ་ཇ་དབོར་བར་བརྒྱུད་དགོས་ངེས་ཀྱི་ལམ་ཡིན་པ་དེའི་ཐུན་མོང་མ་ཡིན་པའི་ས་ཁམས་གནས་བབ་ཀྱིས་དེ་ཇ་རྟ་ཚོང་ལམ་གྱི་གྲོང་རྡལ་གལ་ཆེན་ཞིག་ཏུ་གྱུར།
         ཚྭ་ཁ་ལྷོར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཤོད་སྲོལ་ལ་བོད་བཙན་པོའི་རྒྱལ་རབས་ཀྱི་གོང་ནས་ཚྭ་ཞིང་ཡོད་པ་དང་གླིང་གེ་སར་རྒྱལ་པོ་དང་འཇང་ས་དམ་རྒྱལ་པོ་དབར་ཚྭ་ཁའི་ཚྭ་འཕྲོག་རེས་བྱས་པ་ལས་དམག་འཁྲུག་ཤོར་བ་དེར་ལོ་རྒྱུས་ཐོག“འཇང་གླིང་གཡུལ་འགྱེད”ཅེས་བརྗོད། ད་ཆ་ཚྭ་ཞིང་ཡང་དེ་གའི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ཤིག་ཡིན་ཞིང་། ཕན་ཚུན་སྣོལ་ཞིང་གྲལ་སྟར་འགྲིག་པ་དང་ཚོན་མདོག་རྣམ་པར་བཀྲ་བའི་ཚྭ་ཞིང་དེ་དག་དང་། དྲག་ཏུ་རྒྱུག་པའི་གཙང་ཆུ། ཁ་བས་བཀླུབས་པའི་ཀེ་ལ་ཤ སྔོ་ཐིང་ཐིང་གི་ཞིང་ཁ་དང་ལྗོན་ཤིང་བཅས་ལས་མཛེས་སྡུག་ཡིད་དུ་འོང་བའི་རི་ཀླུང་གི་བཀོད་པ་ཞིག་ཆགས་ཡོད།
        དེ་གར་འཛམ་གླིང་ཐོག་གི་ཐུན་མོང་མ་ཡིན་པའི་གནའ་བོའི་ཚྭ་བཟོའི་ལག་རྩལ་ལྡན་ཞིང་། ཚྭ་ཁ་ལྷོར་བུད་མེད་ཀྱིས་ཚྭ་བཟོ་བ་དང་ཉིན་ལྟར་ཞོགས་པ་བུད་མེད་ཚོས་ཆུ་ཟོམ་ཁྱེར་ཏེ་ཚྭ་ཁྲོན་ནས་ཚྭ་ཆུ་བླངས་ཏེ་རི་སྐེད་ཀྱི་ཚྭ་ཞིང་དུ་དབོར་བ་དང་ཉིན་གཅིག་གཉིས་སོང་རྗེས་ཉི་འོད་དང་ལྷགས་པའི་ཁྲོད་ཚྭ་ཆུ་དེ་དག་ཚྭ་རྡོག་ཏུ་འགྱུར་གྱི་ཡོད།
        དེ་བས་ཡ་མཚན་ཆེ་བ་ཞིག་ལ་གཙང་པོ་གཅིག་ནས་བླངས་པའི་ཚྭ་ཆུ་ཡིན་ན་ཡང་། ངོགས་གཉིས་པོའི་ཚྭ་ཞིང་གི་ཚོས་མདོག་ཐ་དད་ཆགས་ནས་ནུབ་ངོགས་ཀྱི་ལྕགས་རྟ་གྲོང་ཚོའི་ཚྭ་དམར་པོ་དང་ཤར་ངོགས་ཚྭ་ཁ་ལྷོ་སྟོད་སྨད་གྲོང་ཚོའི་ཚྭ་དཀར་པོ་ཡིན་པར་བརྟེན། ཚྭ་ཁྲོན་དམར་པོ་དང་ཚྭ་ཁྲོན་དཀར་པོ་ཞེས་བརྗོད་ཅིང་། ངོ་མཚར་ཆེ་བའི་སྣང་ཚུལ་དེ་རིགས་ནི་རྫ་ཆུའི་ངོགས་གཉིས་པོའི་ས་སྤུས་མི་འདྲ་བ་ལས་བྱུང་བ་དང་ལྕགས་རྟ་གྲོང་ཚོས་ཞིང་ཁར་ས་དམར་འདིང་བ་དང་ཚྭ་ཁ་ལྷོ་སྟོད་སྨད་གྲོང་ཚོས་བྱེ་མའམ་ཡང་ན་ས་དཀར་འདིང་གི་ཡོད་པས་རེད། ལོ་ལྟར་གྱི་ཟླ་3པ་ནས་5པའི་བར་ནི་ཚྭ་སྐོམ་པའི་དུས་ཚིགས་ཡག་ཤོས་ཡིན་ཞིང་། ཉི་འོད་རབ་ཏུ་འཚེར་བའི་ཁར། ཆུ་གཞུང་དུ་ལྷགས་པའང་ཧ་ཅང་ཆེན་པོ་ལྡང་གི་ཡོད་སྟབས། ཚྭ་ཐོན་སླ་བ་མ་ཟད། སྐབས་དེ་དུས་ཀྱི་ཚྭའི་སྤུས་ཚད་ཡག་ཤོས་རེད། དུས་ཚིགས་དེར་རྫ་ཆུའི་ངོགས་གཉིས་སུ་ཁམ་བུའི་མེ་ཏོག་གཅིག་རྗེས་གཉིས་མཐུད་ངང་བཞད་པ་དང་དེ་གའི་མི་ཚོས་སྐབས་དེ་དུས་སྐམ་པའི་ཚྭར“ཁམ་བུའི་ཚྭ”ཞེས་བརྗོད་ཀྱི་ཡོད།
        ཚྭ་ཁ་ལྷོ་ནི་ལུང་ཤུར་ཞིག་གི་བར་ཆོད་སྟབས་ཚྭ་ཁ་ལྷོ་སྟོད་དང་ཚྭ་ཁ་ལྷོ་སྨད་དུ་ཕྱེ་ནས་ཚྭ་ཁ་ལྷོ་སྟོད་དུ་བོད་ཀྱི་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་འབའ་ཞིག་ཡིན་པའི་ལ་སྒང་ཆོས་ཁང་གནས་ཡོད། དུས་རབས་19པའི་ལོ་རབས་60པར་ཕྱི་རྒྱལ་གྱི་ཆོས་སྤེལ་མཁན་གྱིས་ཚྭ་ཁ་ལྷོར་གནམ་བདག་ཆོས་ལུགས་སྤེལ་ནས་དེ་གའི་ཕ་ཚ་བུ་བརྒྱུད་ཀྱིས་ནང་བསྟན་ཆོས་ལུགས་ལ་དད་པ་བྱེད་པའི་ལོ་རྒྱུས་ལ་འགྱུར་ལྡོག་བཏང་བ་དང་། ཆོས་ཁང་གི་བཟོ་སྐྲུན་ཐད་ནུབ་ལུགས་དང་བོད་ལུགས་ཀྱི་བཟོ་སྐྲུན་སྒྱུ་རྩལ་མཉམ་འདྲེས་གང་ལེགས་བྱས་པ་དེའི་ནང་ངོས་ནི་ཀེ་ཐེ་ལུགས་ཀྱི་གཞུ་དབྱིབས་ཐོག་ཡིན་པ་དང་། གནམ་གཅལ་སྟེང་《དམ་པའི་གསུང་རབ་》བརྗོད་བྱར་བྱས་པའི་ལྡེབས་རིས་འཁོད་ཅིང་། ཕྱི་ངོས་སུ“སྐས་དབྱིབས”ཡིན་པ་དེ་བོད་རིགས་མང་ཚོགས་ཀྱི་སྡོད་ཁང་བཟོ་དབྱིབས་ཡིན་ཞིང། ཁང་པའི་ཕྱིའི་གྱང་ངོས་དབུས་ཀྱི་རྒྱ་གྲམ་དབྱིབས་ཆེན་པོ་ཞིག་ལས་དེ་ནི་ཆོས་ཁང་ཞིག་ཡིན་པ་མཚོན་གྱི་ཡོད།
        ནང་ངོས་ཀྱི་མཛེས་རྒྱན་ལས་ཀྱང་བོད་ཀྱི་རིག་གནས་ཀྱི་རྣམ་པ་མི་ཉུང་བ་ཞིག་མཚོན་པ་དཔེར་ན། སངས་རྒྱས་ཀྱི་སྐུ་འདྲ་ཡོད་པའི་བོད་རིགས་ཀྱི་ཐང་གའི་བཟོ་དབྱིབས་དང་དེའི་མཐའ་སྐོར་དུ་ཁ་བཏགས་གཡོགས་པ་སོགས་རེད། དེ་བས་ཡ་མཚན་ཆེ་བ་ཞིག་ལ་དེ་གའི་གནམ་བདག་ཆོས་ལུགས་ལ་དད་པ་བྱེད་མཁན་ཚོས་བོད་ཀྱི་ལོ་གསར་ལོ་གཅིག་གི་ཐོག་མར་བརྩི་བ་དང་ཆོས་སྤེལ་མཁན་གྱིས་བོད་ཆས་གྱོན་གྱི་ཡོད་ལ། དད་ལྡན་པ་ཚོས་འཛམ་གླིང་ཡོངས་སུ་གཅིག་པུ་ཡིན་པའི་བོད་ཡིག་པར་གཞིའི་《དམ་པའི་གསུང་རབ་》སྦྱོང་གི་ཡོད།
        གནམ་བདག་ཆོས་ལུགས་སྤེལ་བ་ལས་དེ་གར་ཧྥ་རན་སེའི་རྒུན་འབྲུམ་ཨ་རག་གྲགས་ཅན“པོར་ཏོའི”ཆང་སྙོལ་བའི་ལག་རྩལ་ཁྱབ་གདལ་བྱུང་བ་མ་ཟད། སྨར་ཁམས་ཀྱི་རྒུན་འབྲུམ་ཨ་རག་གང་སར་སྐད་ཆགས་ཆེན་པོ་ཡོད་ཅིང་། ད་ཆ་ཚྭ་ཁ་ལྷོའི་ཡུལ་མི་ཚང་མས་རྒུན་འབྲུམ་འདེབས་པ་དང་ཚང་མས་རྒུན་འབྲུམ་ཨ་རག་སྙོལ་ཤེས་ཀྱི་ཡོད། བདག་དམར་གཡང་གངས་རིའི་ལྡེབས་ནས་ཐོན་པའི་བདག་དམར་གཡང་རྒུན་འབྲུམ་ཨ་རག་ལ་མི་ཚོས་ཧ་ཅང་དགའ་པོ་བྱས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ལྡན་ཐོན་ཟོག་ཅིག་ཏུ་གྱུར་ཡོད།
        དེ་གར་ད་དུང་ཚྭ་ཁ་ལྷོར་སླེབས་ཚེ་ངེས་པར་དུ་བཟའ་དགོས་པའི་བཅུད་ལྡན་ཐུག་པ“སྣོན་ཐུག”ཡོད་ཅིང་། ཚྭ་ཁ་ལྷོའི་སྣོན་ཐུག་ནི་གྲོ་ཞིབ་བམ་ཡང་ན་བྲ་བོའི་ནང་སྒོ་ང་བླུགས་ནས་འདྲིལ་བ་ཞིག་ཡིན་པས་རོ་བཅུད་ཆེན་པོ་ལྡན་ཞིང་། སྲོལ་རྒྱུན་ལྟར་ན“སྣོན་ཐུག”འཐུང་སྐབས། མགྲོན་པོས་གྲོད་པ་མ་རྒྱགས་བར་ཐུག་པ་འཐུང་གིན་ཞབས་ཞུ་བས་ཐུག་པ་སྣོན་གྱི་ཡོད་ཟེར་ཡང་ཕོར་པའི་ནང་དེ་ཙམ་མང་པོ་བླུག་གི་མེད། ད་དུང་ཐུག་པ་འཐུང་གིན་མགྲོན་པོས་རྡོ་ཧྲུག་གིས་ཕོར་གྲངས་བརྩི་བ་དང་ཤོད་སྲོལ་ལ་མི་གཅིག་གིས་ཕོར་པ་147བཏུང་མྱོང་བ་དེ་ནི་ཕོར་གྲངས་མང་ཤོས་རེད།
      

    ཕྱོགས་བསྡུས་གསར་འགྱུར།