འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།“རྨང་གཞིའི་སློབ་གསོའི་སྤུས་ཚད་གོང་མཐོར་གཏོང་རྒྱུའི”སྐོར་ལ་རིགས་གཅིག་མཁས་
    ཅན་བརྒྱ་ལྷག་ཙམ་གྱིས་ཐུན་མོང་ཐོག་དཔྱད་མོལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “དེང་སྐབས་སློབ་གསོའི་རིན་ཐང་གཉེར་ཕྱོགས་གླེང་སྐབས་སློབ་གསོའི་མངོན་གསལ་ནུས་པ་གཙོ་གནད་དུ་བཟུང་ནས‘ཡིག་ཚད་ཡག་པོ་བཏང་ན་སློབ་གྲྭ་ཡག་པོ་ཞིག་དང་སྐར་གྲངས་མཐོ་པོ་ཐོབ་ན་སློབ་མ་ཡག་པོ་ཞིག’ཡིན་པའི་ངོས་འཛིན་པ་ལས་སློབ་གསོས་སློབ་མའི་བྱང་ཚད་མཐོ་རུ་དང་མི་མངོན་པའི་ནུས་པ་ཆེ་རུ་གཏོང་བ་སོགས་ཐད་ཀྱི་སློབ་གསོའི་ཕུགས་ཕན་ལ་དོ་སྣང་བྱེད་ཤུགས་འདང་གི་མེད”ཀྲུང་གོ་སློབ་གསོ་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དབྱི་ཧའུ་ཆིང་གིས་ཀྲུང་གོ་སློབ་གསོ་སློབ་ཚོགས་ཀྱི་རིག་གཞུང་ལོ་ཚོགས་ཐེངས་ཉེར་དགུ་པའི་ཐོག་སྒྱུར་བཅོས་ཁྲོད་ཀྱི་ཀྲུང་གོའི་རྨང་གཞིའི་སློབ་གསོས་ཡང་དག་པའི་སྤུས་ཚད་ཀྱི་ལྟ་བ་འཛུགས་དགོས་ཞེས་སྦ་གསང་མེད་པར་གསུངས་པ་རེད།
         སྤུས་ཚད་མཐོ་རུ་གཏོང་རྒྱུ་ལྟེ་བར་འཛིན་པའི་སྤྱོད་བཟང་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་དམིགས་ཚད་ལག་བསྟར་གཏིང་ཟབ་བྱེད་པའི་རྨང་གཞིའི་སློབ་གསོའི་སྒྱུར་བཅོས་ལ་འགྲན་སློང་གསར་པ་འཕྲད་ཡོད་ལ་གོ་སྐབས་གསར་པའང་འཕྲད་ཡོད། ཚེས་17དང་18ཉིན་ཁྲེང་ཏུའུ་རུ་འཚོགས་པའི་ཀྲུང་གོ་སློབ་གསོ་སློབ་ཚོགས་ཀྱི་རིག་གཞུང་ལོ་ཚོགས་ཐེངས་ཉེར་དགུ་པའི་ཐོག“ཇི་ལྟར་བྱས་ནས་རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་དགོས”ཞེས་པ་དེ་ཚོགས་ཞུགས་སློབ་གསོའི་རིགས་གཅིག་མཁས་ཅན་བརྒྱ་ལྷག་ཙམ་གྱིས་དོ་ཁུར་བྱེད་པའི་མདོ་གནད་གཅིག་ཏུ་གྱུར་ཡོད་པ་རེད།
         དབྱི་ཧའུ་ཆིང་གིས་སྐར་གྲངས་སྟོན་རྒྱུ་ལག་ཆའི་རིན་ཐང་དུ་བརྩི་བའི་དུས་སྐབས་དེ་འདས་ཟིན་ཞིང་། ད་ཆ་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་། མི་གཙོ་བོའི་རིན་ཐང་སློབ་གསོ་སློབ་གྲྭའི་ནང་ངོས་འཛུགས་སྐྱོང་བཅས་སློབ་གསོའི་སྤུས་ཚད་མཐོ་དམའ་འཇལ་བའི་ཚད་གཞི་གསར་པ་ཞིག་ཏུ་གྱུར་ཡོད། དེང་སྐབས་སློབ་གསོས་སློབ་མའི་ཚེ་གང་འཕེལ་རྒྱས་དང་བདེ་སྐྱིད་ལ་རྨང་གཞི་བཏིང་ནས་སློབ་མ་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཕྱོགས་གཉིས་སྔར་བར་མཐུན་པར་བྱེད་དགོས་ལ་ཁོང་ཚོ“སློབ་སྦྱོང་བྱེད་ཤེས་པ་དང་། ལས་དོན་སྒྲུབ་ཤེས་པ། འཚོ་གནས་བྱེད་ཤེས་པ། མཉམ་གནས་བྱེད་ཤེས་པ”བཅས་ཡོང་བའང་བྱེད་དགོས་ཞེས་གསུངས་པ་རེད།
        དབྱི་ཧའུ་ཆིང་གི་ལྟ་བར་ཚོགས་ཞུགས་རིགས་གཅིག་མཁས་ཅན་ཀུན་གྱི་དོ་ཁུར་ཐོབ་ཅིང་། རྒྱལ་ཁབ་སློབ་གསོ་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཀྲན་གྱིས་ཡང་དག་པའི་སྤུས་ཚད་གི་འགག་སྒོ་བཙུགས་ནས་སྲ་ཞིང་བརྟན་པའི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་འགྲོ་བ་བྱ་རྒྱུ་དེ་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་སྤྱོད་བཟང་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་གལ་ཆེན་ཞིག་ཏུ་བརྩི་དགོས་པའི་ངོས་འཛིན་ཡང་གནང་ཡོད་པ་རེད།
        ཝང་ཀྲན་གྱིས་ངས་བྱས་ན་དེང་སྐབས་རང་རྒྱལ་གྱི་སློབ་གསོ་སྒྱུར་བཅོས་དེ་དཀའ་ངལ་ཆེ་ཤོས་ཀྱི་དུས་མཚམས་ཞིག་ཏུ་སླེབས་ཡོད། དེས་ན་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་སྐབས་ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དཀའ་གནད་སེལ་དགོས་པ་དང་འགག་སྒྲོལ་དཀའ་སེལ་བྱེད་དགོས་ཀྱི་འདུག ཁོང་གིས་རང་རྒྱལ་གྱི་རྨང་གཞིའི་སློབ་གསོའི་འཛིན་གྲྭ་གཅིག་ནང་སློབ་མ་མང་དྲགས་པ་དེ་རྒྱལ་སྤྱིའི་ཐོག་ཡོངས་ཁྱབ་ཏུ་འཛིན་གྲྭ་གཅིག་ནང་སློབ་མ་25ལས་མེད་པའི་ཆུ་ཚད་ལས་བརྒལ་ཆེ་ཙམ་ཡོད་ཅེས་དཔེར་དྲངས་ནས་གསུངས་པ་རེད། དེ་ཐོག་ནས་རང་རྒྱལ་དང་འཛམ་གླིང་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་རེའི་ཆ་སྙོམས་སློབ་གསོའི་ཐུན་ཁུངས་ལྡན་ཚད་དང་སློབ་མར“སློབ་གསོའི་དོ་ཁུར་ཐོབ་ཚད”ཐད་ཧེ་བག་ཆེན་པོ་འཛོལ་བ་མཚོན་གྱི་ཡོད། དེར་བརྟེན་སྲིད་གཞུང་ལ་འཛིན་གྲྭ་གཅིག་ནང་སློབ་མའི་གྲངས་འབོར་ཉུང་དུ་གཏོང་རྒྱུ་དེ་སློབ་གསོའི་ཐུན་ཁུངས་ལེགས་སུ་གཏོང་བ་དང་སློབ་གསོའི་མ་འཇོག་མང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་གསར་པ་ཞིག་ཏུ་བརྩི་བའི་དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་དགོས་ཀྱི་ཡོད་པ་རེད།
        སློབ་གསོ་པུའི་པུའུ་ཀྲང་ཀྲུའུ་ཀྲེ་ཝེན་གྱིས་རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རིང་སློབ་ཕྲུག་འཕེལ་རྒྱས་གཞི་རྩར་བཟུང་རྒྱུ་མཐའ་འཁྱོངས་བྱེད་དགོས་ལ་སློབ་གསོའི་ཆོས་ཉིད་དང་སློབ་ཕྲུག་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཡང་ཞུ་དགོས། དེ་དང་ཆབས་ཅིག་འགག་རྩ་ཞིག་ཡིན་པའི་དགེ་རྒན་ལ་དམ་འཛིན་གྱིས“ཕུགས་བསམ་དང་དད་སེམས་ཡོད་པ་དང་། བསམ་བློ་ཀུན་སྤྱོད་ལེགས་པ། ཤེས་བྱ་རིག་གནས་ལྡན་པ། བྱམས་སེམས་དང་གཅེས་སེམས་ལྡན་པ”བཅས་ཀྱི་དགེ་རྒན་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་པའི་ངོས་འཛིན་གནང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།