འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཐད་འགོ་བཟང་པོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དགུན་ཁ་ནས་དཔྱིད་ཀའི་བར་དང་དཔྱིད་ཀ་ནས་སྟོན་ཀའི་བར“བློ་ཁོག་ཆེན་པོས་འཚོལ་ཞིབ་དང་ཡིད་གཟབ་ངང་ཁུངས་ལུང་འཚོལ་བའི”བསམ་ཕྱོགས་འོག་འདི་ལོ་ཚུན་དུ་རང་རྒྱལ་གྱི་ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཐད་སྔོན་དཔག་ལས་བརྒལ་བའི་གྲུབ་འབྲས་ཐོབ་ནས་ཞིང་ལས་འཕེལ་རྒྱས་ཐད་ཀྱི་དུས་མཚམས་རང་བཞིན་གྱི་དཀའ་གནད་རིམ་གྱིས་བསལ་ཏེ་ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཐད་འགོ་བཟང་པོ་ཚུགས་ཡོད་པ་རེད།
        ཐོན་ནུས་ལེགས་སྒྲིག་བྱས་པ། མང་དྲགས་པའི་ཐོན་ནུས་ཉུང་འཕྲི་བྱས་པ་དང་ཉུང་དྲགས་པའི་ཐོན་ནུས་ཁ་སྣོན་བརྒྱབ་པ།
         ཞིང་ལས་དཔལ་འབྱོར་གྲུབ་ཆར་ཞིབ་འཇུག་གཏིང་ཟབ་བྱས་ནས་ཞིང་ལས་ཐོན་ནུས་ལེགས་སྒྲིག་བྱེད་རྒྱུ་དེ་བཀྲག་མདངས་འཚེར་སར་གྱུར་ཅིང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཆ་འཕྲིན་ལ་གཞིགས་ན། 2016ལོར་མ་རྨོས་ལོ་ཏོག་འདེབས་ཁྱོན་མུའུ་དུང་ཕྱུར་5.51ཟིན་ནས་ལོ་གོང་མ་ལས་མུའུ་ཁྲི་2039ཉུང་དུ་ཕྱིན་ཏེ་3.6%ཆག་ནས་ལོ་འགོར་བཏོན་པའི་མུའུ་ཁྲི་1000ཉུང་གཏོང་ལེགས་སྒྲིག་གི་དམིགས་ཚད་ལས་ཤུགས་ཆེན་བརྒལ་ཡོད་པ་རེད། སྲན་ཆེན་འདེབས་ཁྱོན་མུའུ་དུང་ཕྱུར་1.08ཟིན་པ་དེ་ལོ་གོང་མ་ལས་མུའུ་ཁྲི་1046མང་དུ་ཕྱིན་ནས་10.01%འཕར་ཡོད་པ་རེད། ཞིང་ལས་པུས་སྔོན་དཔག་བྱས་པར་གཞིགས་ན། 2016ལོར་དཀྱུས་འབྲུ་དང་སྲན་དཀྱུས་འདེབས་ཁྱོན་མུའུ་ཁྲི་700ལྷག་ཙམ་འཕར་སྣོན་ཡོང་རྒྱུ་དང་གཟན་ཆག་དང་མ་རྨོས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི་600ལྷག་ཙམ་འཕར་སྣོན་ཡོང་རྒྱུ་ཡིན་པ་རེད།
        “སྟོན་དུས་ང་ཚོའི་འདི་གར་ཡོང་ཚེ་གང་སར་ལེ་བརྒན་མེ་ཏོག་གིས་ཁེངས་པས་ཧ་ཅང་ལྟ་ན་སྡུག་པ་ཞིག་ཡོད”ཅེས་དཔྱིད་འདེབས་སྐབས་སུ་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་ཆིང་ཀང་རྫོང་ཡུང་ལི་དེང་རབས་ཞིང་འཕྲུལ་མཉམ་ལས་ཁང་གི་ལས་འཛིན་པ་ཝང་ཡུས་ལེའང་གིས་དེ་ལྟར་བརྗོད་པ་དང་། ཁོང་གིས་རེ་བ་ཆེན་པོ་འཆང་བཞིན་ལེ་བརྒན་མེ་ཏོག་མུའུ་3600ནས་8000བར་མང་དུ་བཏང་བ་དང་། མ་རྨོས་ལོ་ཏོག་མུའུ་ཁྲི་1ནས་མུའུ་3000བར་ཉུང་དུ་བཏང་ཡོད་པ་དང་། སྟོན་བསྡུའི་དུས་སུ་ལེ་བརྒན་མེ་ཏོག་ཧ་ཅང་མང་པོ་བསྡུས་ནས་ཐད་ཀར་བཟོ་གྲྭར་བསྐྱལ་བས་མང་ཚོགས་ཀྱི་འབབ་འཕར་ཡོང་ཡུལ་ཞིག་ཏུ་གྱུར་ཡོད།
        ཏུང་ཐིང་མཚེའུ་ཁུལ་གྱི་ཁྱིམ་གསོའི་ཆུ་ཐོན་གསོ་ཚགས་སྦགས་བཙོག་བཅོས་སྒྲིག་ཚོད་ལྟ་བྱ་ཡུལ་དུ་དྲ་སྒམ་7784བཤིག་པ་དང་དཔངས་དམའ་བའི་དྲ་སྐོར་མུའུ་ཁྲི་4.4མེད་པ་བཟོས་ཡོད་པ་རེད། གཙང་རྒྱུད་དང་། མཚེའུ་རྒྱུད། མཚོ་རྒྱུད་བཅས་ས་ཁུལ་གྱིས་ཧ་ཅང་དམ་པའི་དྲ་སྒམ་དང་དྲ་སྐོར་གཞི་ཁྱོན་ཆེན་པོས་བཤིག་ཅིང་། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། གཙོ་གནད་ཞིང་ཆེན་ཁག་གཅིག་གིས་དྲ་སྒམ་ཁྲི་28དང་དྲ་སྐོར་མུའུ་ཁྲི་20བཤིག་ཡོད་པ་རེད། ཀྲེ་ཅང་ཞིང་ཆེན་གྱིས་རུས་སྦལ་དྲོད་ཁང་སོགས་ཀྱི་གཙོ་གནད་སྦགས་བཙོག་ཕོག་ཁུལ་བཅོས་སྒྲིག་བྱས་ནས་སྨི་ངོས་གྲུ་150ཡི་རུལ་སྦལ་དྲོད་ཁང་དང་སྒོ་དབྱེ་རྣམ་པའི་ཆུ་ཁོངས་ཀྱི་དྲ་སྒམ་བཤིག་ཡོད་པ་རེད།
         བྱེད་ཐབས་བསྒྱུར་བ། ཚད་བརྒལ་གྱི་ཞིང་ལས་སྤྱོད་རྫས་ཉུང་དུ་བཏང་བ་དང་ཚད་བརྒལ་ངང་ཐོན་ཁུངས་གསར་སྤེལ་བྱེད་ཚད་ཉུང་དུ་བཏང་བ།
        ཞིང་ལས་ཐོན་སྐྱེད་བྱེད་སྟངས་མགྱོགས་མྱུར་བསྒྱུར་རྒྱུ་ནི་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་ཞིག་ཡིན་ཞིང་། འདི་ལོ་ཚུན་དུ། རང་རྒྱལ་གྱི་ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་ཐད་བཀྲག་མདངས་འཚེར་ས་མང་པོ་ཐོན་ཡོད་པ་རེད། རྫས་ལུད་དང་ཞིང་སྨན་མི་སྤྱོད་པའི་བྱ་སྤྱོད་རྒྱལ་ཡོངས་སུ་ཁྱབ་སྤེལ་བཏང་ཡོད་པ་རེད། ས་དཔྱད་ལུད་སྦྱོར་གྱི་ལུད་རྒྱག་ལག་རྩལ་ཁྱབ་སྤེལ་བེད་སྤྱོད་བྱེད་ཁྱོན་མུའུ་ཐེངས་དུང་ཕྱུར་16ཙམ་ཟིན་པ་དང་། སོག་མ་ལུད་སྤྱོད་རྒྱ་ཁྱོན་མུའུ་དུང་ཕྱུར་8ལྷག་ཙམ་ཟིན་པ། སྐྱེ་ལྡན་གྱི་ལུད་སྤྱོད་ཚད་རྒྱ་ཁྱོན་མུའུ་ཐེངས་དུང་ཕྱུར་3.8ཟིན་པ། ལྗང་ལུད་སྤྱད་ནས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི་4800ཙམ་ཟིན་པ་བཅས་བྱུང་ནས་རྒྱལ་ཡོངས་སུ་རྫས་ལུད་སྤྱོད་ཚད་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་སྤྱོད་མཁན་མེད་པའི་ཚད་དུ་སླེབས་ཡོད་པ་དང་ཞིང་ཆེན་ཁག་གཅིག་ཏུ་རྫས་ལུད་སྤྱོད་ཚད་ཆག་ཡོད་པ་རེད།
        བྱེད་ཐབས་བསྒྱུར་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ། འདི་ལོ་རང་རྒྱལ་གྱི་ཞིང་ལས་སྐྱེ་དངོས་ལྗང་མདོག་སྔོན་འགོག་ཚོད་འཛིན་བྱེད་ཁྱོན་25.2%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་2.1མཐོ་རུ་ཕྱིན་པ་དང་། འབྲུ་རིགས་ལོ་ཏོག་སྐྱེ་དངོས་ཆེ་གྲས་གསུམ་གྱི་ཆེད་ལས་ཅན་གྱི་གཅིག་གྱུར་སྔོན་འགོག་ཚོད་འཛིན་བྱེད་ཚད་35.5%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་2.8འཕར་བ་དང་། ཞིང་སྨན་སྤྱོད་ཚད་ཆག་ནས་ཐོན་ཚད་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་མངོན་འགྱུར་བྱུང་ཡོད་པ་རེད།
         ཐོན་ཁུངས་བེད་སྤྱོད་བྱེད་སྟངས་ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་བྱེད་སྟངས་ཕྱོགས་སུ་བསྒྱུར་བ། ལེགས་བསྡུས་ཞིབ་གཉེར་དང་ཆུ་གྲོན་ཆུང་གི་ལག་རྩལ་སྤྱོད་པ་དང་ས་བོན་རིགས་ལ་བརྟེན་ནས་ཆུ་གྲོན་ཆུང་དང་། ཞིང་ལས་ལག་རྩལ་ལ་བརྟེན་ནས་ཆུ་གྲོན་ཆུང་། ལས་གྲྭར་བརྟེན་ནས་ཆུ་གྲོན་ཆུང་སོགས་ཀྱི་བྱ་ཐབས་སྤྱད་ནས་ཐབས་མང་མཉམ་སྤྱོད་དང་ནུས་པ་འདོན་རྒྱུར་མཐུན་སྦྱོར་བྱས་ཏེ་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བ་དང་། ཀྲུང་ཧྭའི་བྱང་རྒྱུ་དང་། ནུབ་བྱང་། ལྷོ་ནུབ་བཅས་སུ་ཚད་གཞི་མཐོ་བའི་ཆུ་གྲོན་ཆུང་གི་ཞིང་ལས་དཔེ་སྟོན་ཁུལ་11བཙུགས་པ་དང་། ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་བྱ་ཐབས་ཀྱི་མུའུ་ཁྲི་2.16གཅིག་སྡུད་ཐོག་དཔེ་སྟོན་འགྲེམས་སྟོན་བྱས་ཡོད་པ་རེད། བྱང་ཕྱོགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་8ཀྱིས་འགྱིག་སོབ་ཁེབས་ཁྱོན་གཙོ་བོར་བྱས་པའི་སྐམ་འདེབས་ཞིང་ལས་ལག་རྩལ་དཔེ་སྟོན་ཁྱབ་གདལ་བཏང་བ་དང་། ཧོ་པེ་རུ་མུའུ་ཁྲི་1700ཡི་ཆུ་གྲོན་ཆུང་གི་གྲོ་འདེབས་རྒྱུ་ཁྱབ་སྤེལ་བཏང་ཡོད་པ་རེད།
         འདི་ལོ་རྨོ་ཞིང་རེས་འདེབས་རེས་འཇོག་ལམ་ལུགས་ཚོད་ལྟ་དངོས་སུ་བྱས་ཚུན་བྱང་ཤར་གྱི་གྲང་ངར་ཆེ་ཁུལ་དང་བྱང་ཕྱོགས་ཀྱི་ཞིང་འབྲོག་སྣོལ་འདྲེས་ཁུལ་དུ་རེས་འདེབས་ཚོད་ལྟ་མུའུ་ཁྲི་500བྱས་པ་དང་། ས་འོག་ཆུ་ཟགས་ཁུལ་དང་། ལྕགས་རིགས་སྦགས་བཙོག་ཁུལ། སྣོད་བཅུད་ཞན་གྱུར་ཚབས་ཆེན་ཁུལ་བཅས་སུ་རེས་འཇོག་མུའུ་ཁྲི་116བྱས་པས་རྨོ་ཞིང་གི་ས་རྒྱུ་ལེགས་སུ་ཕྱིན་ནས་སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་རྒྱུ་དང་ཐོན་ཁུངས་ཡུན་རིང་བེད་སྤྱོད་ཐུབ་རྒྱུར་སྐུལ་འདེད་ཐེབས་ཡོད་པ་རེད། རྒྱ་མཚོའི་ཐོག་རྒྱ་མཚོའི་ཉ་དང་འབྲེལ་བ་ཡོད་པའི“མེད་པ་གསུམ”གྱི་གྲུ་གཟིངས་ལ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས“རྒྱུད་ཆད་ཉ་འཛིན་དྲ་བ”སོགས་ཀྱི་སྒྲིག་འགལ་ཉ་འཛིན་ཆས་གཙང་སེལ་བཅོས་སྒྲིག་བྱས་པ་དང་། མཚོ་རྒྱུད་ཀྱི་ས་ཁུལ་ཁག་གིས་རིམ་རྩིས་ལྟར་ན་ཉ་དང་འབྲེལ་བ་ཡོད་པའི“མེད་པ་གསུམ”གྱི་གྲུ་གཟིངས་ཁྲི་2.1མེད་པ་བཟོས་པ་དང་། རྒྱལ་ཡོངས་སུ་སྒྲིག་འགལ་ཉ་འཛིན་ཆས་ཁྲི་90ཙམ་མེད་པ་བཟོས་ཡོད་པ་རེད། རྒྱལ་ཁབ་ཆེན་པོའི་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་བཀོད་པ་རིམ་བཞིན་ཆགས་ནས་འགོ་ཡག་པོ་ཚུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།