འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཚེ་གང་ས་མཐོར་ཕུགས་འདུན་དོན་གཉེར་བྱེད་པ།

    —— སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་བརྒྱད་ཟིལ་རྫོང་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་སུའུ་ཀྲི་པིན་སྐུ་འཚོ་ཞུགས་སྐབས་ཀྱི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་17ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། སེར་ཤུལ་ནས་བྲག་འགོ་དང་དེ་ནས་བརྒྱད་ཟིལ་བར་གངས་རི་བརྒལ་ནས་རྩྭ་ཐང་སྒྲོལ་བའི་ལམ་བུ་སྤྱི་ལེ་800ཙམ་ཟིན་པ་འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་བརྒྱད་ཟིལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་སུའུ་ཀྲི་པིན་གྱི་ཚེ་གང་གི་བགྲོད་ལམ་ཡིན།
       སུའུ་ཀྲི་པིན་ལ་ཉིན་ཤས་བསྟུད་མར་ངལ་གསོ་ཁོམ་མ་བྱུང་ཡང་འདི་ལོའི་ཟླ་9ཚེས་2ཉིན། ཁྲེང་ཏུའུ་རུ་ཚོགས་འདུ་འཚོགས་པའི་བར་གསེང་དུའང་ལས་རོགས་དང་མཉམ་དུ་ལས་ཀ་འཕར་མ་བྱས་ཏེ་གྱོད་གཞིའི་མྱུལ་ཞིབ་ཇུས་གཞིར་གྲོས་བསྡུར་བྱེད་བཞིན་པའི་སྐབས་ཁོང་གློ་བུར་དུ་ཀླད་ཁྲག་འདྲེས་ནས་འགྱེལ་ཏེ་ལོ་50ཙམ་ལ་འཇིག་རྟེན་འདི་ནས་ནམ་ཡང་བྲལ་བ་རེད།
        ཉེ་དུས། གསར་འགོད་པས་ཁོང་གིས་ཚེ་གང་སྐྱེས་སུ་ཕུལ་བའི་བོད་རིགས་ས་ཁུལ་དུ་བསྐྱོད་དེ་མི་རྣམས་ཀྱི་མིག་ཆུ་དང་དྲན་གདུང་ཟད་མེད་ཁྲོད“བོད་སྐྱོར་ལས་བྱེད་ཀྱི་མི་རབས་གཉིས་པ”ཡིན་པའི་རྒྱ་རིགས་ལས་བྱེད་པ་ཁོང་གིས་ས་མཐོར་འབད་འབུངས་དང་། འགན་ཁུར་ཕོད་པ། ལེགས་སྐྱེས་ཕུལ་བ་བཅས་ཀྱི་འདས་དོན་རྗེས་དྲན་ཞུས་པ་ཡིན།
        ལས་གནས་བརྟན་སྲུང་དང་བདེན་པའི་རྒྱབ་ལངས་ཀྱིས་ཕུགས་འདུན་རྒྱུན་འཛིན་བྱས།
        སེར་ཤུལ་ཞེས་པ་གང་དུ་ཡོད་དམ་ཞེ་ན། དེ་ནི་སི་ཁྲོན་གྱི་ནུབ་བྱང་མཚམས་སུ་ཡོད་པ་དང་། ས་བབ་མཐོ་ཚད་སྨི་4200ཡོད་པས་གྲང་ངད་ལྷག་པར་ཆེ་ཞིང་དབྱར་དུས་ཀྱི་དགོང་མོར་ཡང་མེ་སྲོ་དགོས་ཀྱི་ཡོད། ཉེ་འཁོར་གྱི་སྡེ་དགེ་དང་དཀར་མཛེས་ཀྱི་མི་དེ་གར་ཡོང་དུས་ཀྱང་ལ་དུག་རྒྱག་གི་ཡོད།
        རང་བྱུང་ཁོར་ཡུག་ཧ་ཅང་ཞན་པའི་དབང་གིས་སེར་ཤུལ་དུ་དཀར་མཛེས་ཀྲོའུ་ཡི་ཡུལ་དེ་གའི་ལས་བྱེད་པས་ཀྱང་ཡུན་རིང་སྡོད་འདོད་བྱེད་ཀྱི་མེད། ཡིན་ནའང་ཐང་གཤོངས་ས་ཁུལ་ཨན་གཡོད་རྫོང་ནས་ཡོང་བའི་སུའུ་ཙའེ་ཀྲུང་དང་སུའུ་ཀྲི་པིན་ཕ་བུ་གཉིས་ཀྱིས་ལང་ཚོ་དེ་གར་སྐྱེས་སུ་ཕུལ་ཡོད།
        སུའུ་ཙའེ་ཀྲུང་སེར་ཤུལ་དུ་ལས་ཀ་ལོ་36བྱེད་རིང་སྤྱི་བདེ་པུའི་ཕུབ་སྔོན་བྱ་དགའ་ཐོབ་མྱོང་ཡོད། རྒན་ཡོལ་ཞུ་སྐབས་ས་མཐོའི་ནད་གཞི་མང་པོ་ཕོག་ནས་ནང་སར་ལོག་པ་དང་ལོ་ལྔའང་མ་ཕྱིན་པར་ཚེ་ལས་འདས། སུའུ་ཀྲི་པིན་གྱིས་སེར་ཤུལ་དུ་ལོ་15གཞི་ཚུགས་རིང་ལོ་13བྲག་འགོར་ལེགས་སྐྱེས་ཕུལ་བ་དང་མི་ཚེའི་ནང་གི་མཐའ་མཇུག་ལོ་ལྔ་བརྒྱད་ཟིལ་དུ་ལེགས་སྐྱེས་ཕུལ་ཡོད།
       སེར་ཤུལ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀོང་མིང་གིས་སུའུ་ཀྲི་པིན་དང་མཉམ་དུ་གྱོད་གཞི་སྒྲུབ་པའི་ལོ་ཟླ་དེ་དག་དྲན་གསོ་བཞིན་ཕོ་ཁེབས་དང་ལམ་རྒྱགས་འཁྱེར་ཏེ་རྟ་བཞོན་ནས་རྟག་ཏུ་གཤམ་དུ་འགྲོ་དགོས་ཀྱི་ཡོད། མི་ཚང་མར་ལ་དུག་ཕོག་སྟེ་མགོ་ན་མྱོང་ཡོད། ལྷག་པར་དུ་ལོ་20ལྷག་སོན་ཙམ་གྱི་སུའུ་ཀྲི་པིན་གྱིས་ཟུག་འཇོམས་པའི་སྨན་མང་པོ་ཟ་མྱོང་ཞེས་བཤད།
        2010ལོར་སུའུ་ཀྲི་པིན་ལ་ནད་གཞི་ཕོག ཁོང་དྲན་པ་མ་ཐོར་གོང་ཉིན་4དང་མཚན་3བསྟུད་མར་གྱོད་གཞི་སྒྲུབ་ནས་གཉིད་ཉལ་མེད་པས་རྐྱེན་གྱིས་ཀླད་པའི་དྲ་སྐྱིའི་འོག་ཏུ་ཁྲག་འདོན། ཁྲེང་ཏུའུ་ཆིང་ཡང་ཆུས་ཞིབ་དཔྱོད་ཁང་དུ་གནས་སྦྱར་སྦྱོང་བརྡར་བྱེད་བཞིན་པའི་བྲག་འགོ་རྫོང་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པ་རིན་ཆེན་གྱིས་གནས་ཚུལ་དེ་ཤེས་ནས་སྨན་ཁང་དུ་བསྐྱོད་སྐབས་མགོ་བོར་གཤགས་བཅོས་བྱས་མ་ཐག་པའི་སུའུ་ཀྲི་པིན་དྲན་པ་རྦད་དེ་གསོས་མེད་ནའང་ཁ་ནས་སྐད་ཆ་གསལ་ལ་མི་གསལ་ཞིག་ཤོད་བཞིན་ཡོད་པ་དེ་ནི“བཅའ་ཁྲིམས་ཡིག་ཆ་ཚང་དགོས། ངེས་པར་དུ་ཚང་དགོས”ཞེས་པ་དེ་ཡིན།
        ཆེད་ལས་ཟབ་སྦྱོང་བྱས་ནས་བཅའ་ཁྲིམས་ཀྱི་འོད་སྣང་གངས་ལྗོངས་ས་མཐོར་འཕྲོ་བར་བྱས།
        སུའུ་ཀྲི་པིན་གྱི་ཁྱིམ་དུ་དཀར་མཛེས་ཀྲོའུ་ཡི་ཞིབ་དཔྱོད་དཔོན་ཡག་ཤོས་བཅུ་དང་། ཕུལ་བྱུང་གཞུང་ལས་པ། མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་སོགས་ཀྱི་མཚན་སྙན་ལག་ཁྱེར་མང་པོ་ཞིག་གཞན་གྱིས་དོ་སྣང་དེ་ཙམ་ཡོང་མི་སྲིད་པའི་ཟུར་ཞིག་ཏུ་བཞག་འདུག
       2008ལོར། རིན་ཆེན་གཞུང་གཏུག་ཁོའོ་ཡི་ཁོའོ་ཀྲང་གི་འགན་འཁུར་མ་ཐག རྐུ་རྒྱག་གྱོད་གཞི་ཞིག་ཞིབ་བཤེར་གཞུང་གཏུག་རྒྱག་པར་སྐྱེལ་རྩིས་བྱས། སྤྱི་བདེ་ལས་ཁུངས་ཀྱི་གྱོད་དོན་ཡིག་ཆའི་ནང་ཉེས་གསོག་དོགས་ཅན་ལ་རང་ཉེས་ངོས་ལེན་ཞུས་པའི་གནས་ཚུལ་ཡོད་ནའང་གཞུང་གཏུག་ཡི་གེའི་ནང་བྲིས་མེད། རིན་ཆེན་གྱིས་གཞུང་གཏུག་ཡི་གེ་སུའུ་ཀྲི་པིན་ལ་བཟོ་བཅོས་རྒྱག་རྒྱུར་སྐྱེལ་སྐབས། རྣམ་ཀུན་གཤིས་ཀ་འཇམ་པའི་སུའུ་ཀྲི་པིན་གྱིས་ངོ་གནག་བསྡུས་ཏེ་ཁོང་ལ་ནང་དོན་ཆད་ཡོད་མེད་ཡང་སེ་སྐད་ཆ་དྲིས་ནའང་རིན་ཆེན་གྱིས་གཙོ་གནད་གང་ཞིག་ལུས་པ་མ་ཤེས།
        སྐབས་དེ་དུས་སུའུ་ཀྲི་པིན་ཁོང་ཁྲོ་ཆེན་པོ་ལངས་ཏེ་གཞུང་གཏུག་ཡི་གེ་སྒྲོག་ཙེའི་ཐོག་བརྡབས་བཞིན“ཁྱོད་ཀྱིས་ཞིབ་དཔྱོད་ལས་ཁུངས་ཤིག་གི་གཟུགས་བརྙན་མཚོན་གྱི་རེད”ཅེས་བཤད་པས། རིན་ཆེན་ངོ་ཚ་དང་གནོང་འགྱོད་ཅིག་ཅར་དུ་སྐྱེས་ནས་དུས་དེ་ནས་བཟུང་ལས་སྒོའི་ཐོག་ཧ་རི་ཧུ་རེ་སྤུ་ཙམ་ཡང་བྱེད་མ་ནུས།
        བརྒྱད་ཟིལ་རྫོང་དུ་ལས་ཀ་བྱེད་སྐབས། ཅན་ཁྲ་ཀྲང་གི་འགན་འཁུར་ཟིན་པའི་སུའུ་ཀྲི་པིན་གྱིས་སྔར་བཞིན་རང་ཉིད་ཀྱིས་གྱོད་གཞི་སྒྲུབ་པར་བསྐྱོད་པ་དང་། མང་ཚོགས་ཚོས་གླེང་ཆེ་བ་དང་དཔང་ལེན་བྱེད་དཀའ་བའི་ལས་ཐོག་ཉེས་གསོག་གྱོད་གཞི་ཁག་གཅིག་ཁོང་གི་འབད་བརྩོན་འོག་རེ་རེ་བཞིན་རྩད་ཆོད་ནས་རྒྱལ་ཁབ་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་1000ལྷག་ཙམ་མི་ཕོག་པ་བྱས་ཡོད།
       1989ལོ་ནས་བཟུང་ཁོང་གིས་ཁེར་རྐྱང་དུ་སྒྲུབ་པའམ་ཡང་ན་མཉམ་དུ་སྒྲུབ་པའི་གྱོད་གཞི་400ལྷག་ཙམ་ནང་ཁྲིམས་ཐག་གཅོད་ནོར་ཤོར་བའི་གྱོད་གཞི་གཅིག་ཀྱང་ཐོན་མེད་པ་དང་། ཉེས་པ་དང་ཉེས་ཅན་ཆད་ལུས་ཤོར་བའི་གྱོད་གཞི་10ལྷག་ཙམ་བདའ་འདེད་ཁྲིམས་སྦྱོར་བྱས་པ། གྱོད་གཞིའི་ངོ་བོ་གཏན་འཁེལ་ཡང་དག་མ་བྱུང་བའི་གྱོད་གཞི་20ལྷག་ཙམ་སོགས་དག་བཅོས་བྱས་ཡོད།
       ད་ཆ་ཁོང་བརྒྱད་ཟིལ་དང་ནམ་ཡང་བྲལ་བ་རེད་ལ་ཁོང་གིས་དགའ་ཞེན་བྱེད་པའི་མི་སེར་དང་ཡང་ནམ་ཡང་བྲལ་བ་རེད།
        དཔོན་ཉམས་རྩ་བ་ནས་མེད་པའི་ཅན་ཁྲ་ཀྲང་དེའི་སྐོར་གླེང་སྐབས། གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཕན་ཁྲང་མིང་གིས་བློ་ཕམ་གྱི་ཉམས་དང་བཅས་དབུགས་རིང་འཐེན་བཞིན་དུ“ཁོང་ཚེ་ལས་འདས་པ་ཐོས་སྐབས་མི་སེར་མང་པོ་ཞིག་གིས་ཡིད་སྐྱོ་བའི་མིག་ཆུ་བཏང་བ་མ་ཟད། མང་པོ་ཞིག་གིས་ཁྲེང་ཏུའུ་རུ་ཁོང་ཕེབས་སྐྱེལ་ཞུ་བར་འགྲོ་རྩིས་བྱེད་བཞིན་འདུག འོན་ཀྱང་ཐག་རིང་དུ་འགྲོ་བར་ཧ་ཅང་ཁག་པོ་ཡོད་པས་ངས་ཚང་མའི་ཚབ་ཞུས་ཏེ་ཁོང་ལ་ཕེབས་སྐྱེལ་ཞུ་བར་ཕྱིན་པ་ཡིན”ཞེས་བཤད།
        བརྒྱད་ཟིལ་རྫོང་ཞིབ་དཔྱོད་ཁང་གི་གཞུང་ལས་ཐོག་ཁང་ནང་ལས་རོགས་ཚོས་གྱང་སྟེང་དུ་བཀལ་བའི་སུའུ་ཀྲེ་པིན་གྱི་སྐུ་པར་འབེབས་འདོད་བྱེད་ཀྱི་མེད་ལ། ཅན་ཁྲ་ཀྲང་གི་གཞུང་དོན་ཁང་ནང་ཐལ་རྡུལ་སོགས་གཏན་ནས་མེད་པར་ཡོད་ཚད་ཀྱི་ཡོད་ཚད་ཁོང་སྐུ་འཚོ་བཞུགས་སྐབས་དང་གཅིག་མཚུངས་སུ་གནས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།