འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ལས་གནས་ལས་བྲལ་ནས་ལོ་གཉིས་སོང་མེད་པའི་ཞིབ་དཔྱོད་དཔོན་གྱིས་ཁྲིམས་རྩོད་པའི་
    མིང་ཐོག་ནས་དག་འབུད་པ་བྱེད་མི་རུང་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་17ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་གསལ། ཞིབ་དཔྱོད་ལས་ཁུངས་ཀྱི་ལས་ཀའི་སྤྱོད་ཚུལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་ཆེད། ཉིན་ཤས་གོང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་2012ལོའི་ལོ་མཇུག་ཏུ་བཟོས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བྱ་ཐབས་ལ་བཟོ་བཅོས་བརྒྱབ་སྟེ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་བློ་མཐུན་མི་རེ་ངོ་རེས་ལོ་འཁོར་མོར་གཞི་རིམ་དུ་བརྟག་ཞིབ་དང་མཛུབ་ཁྲིད་བྱེད་ཡུན་ཉིན་30ལས་མི་ཉུང་བ་བྱེད་དགོས་པ་དང་། ཞིབ་དཔྱོད་མི་སྣའི་བཟའ་ཟླ་དང་བུ་ཕྲུག་གིས་དེའི་ཞིབ་དཔྱོད་ཁང་གིས་གྱོད་གཞི་སྒྲུབ་གཉེར་གྱི་འགན་འཁུར་བའི་གཏུག་བཤེར་ལས་ཚབ་པའམ་ཡང་ན་དག་འབུད་པའི་འགན་འཁུར་མི་རུང་བ་སོགས་ཀྱི་ཞིབ་ཕྲའི་བླང་བྱ་བཏོན་ཡོད།
         བཟོ་བཅོས་བརྒྱབ་པའི་ལག་བསྟར་བྱ་ཐབས་དེས་ཚོགས་སྲོལ་དང་། རྩོམ་སྲོལ། ཁྲིམས་འཛིན་སྤྱོད་ཚུལ་སོགས་སྔར་བས་ལེགས་སུ་གཏོང་རྒྱུའི་ཐད་ནས་ཞིབ་བཤེར་ལས་ཁུངས་ཀྱིས་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱ་རྒྱུའི་ཞིབ་ཕྲའི་བླང་བྱ་བཏོན་ཡོད། ལག་བསྟར་བྱ་ཐབས་ནང་ནན་བཤད་བྱས་དོན། གཏན་འབེབས་ལས་འགལ་ནས་གྱོད་གཞི་སྒྲུབ་གཉེར་བྱ་རྒྱུ་གཏན་འགོག་བྱེད་པ་དང་། ནང་ངོས་ཀྱི་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། གྱོད་གཞི་སྒྲུབ་གཉེར་བྱེད་རིང་ཐོན་པའི་འགན་དབང་ལས་འགལ་བའི་གནད་དོན་དུས་ཐོག་ཏུ་ཡོ་བསྲང་བཅས་བྱས་ནས། ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་འཛིན་གྱོད་གཞི་སྒྲུབ་གཉེར་གྱི་བྱེད་སྒོ་ཚད་ལྡན་ཡོང་བ་བྱེད་དགོས། གྱོད་འབྲེལ་གྱི་རྒྱུ་དངོས་དོ་དམ་ནན་པོ་བྱས་ནས། གྱོད་འབྲེལ་གྱི་རྒྱུ་དངོས་ལ་ཁྲིམས་ལྟར་སྒོ་ཐེལ་རྒྱག་པ་དང་། བཀག་ཉར། བཀག་འཇོག ཉར་ཚགས། ཐག་གཅོད་བཅས་ནན་པོ་བྱེད་དགོས། ཉེན་རྟོག་པའི་རླངས་འཁོར་དོ་དམ་དང་བེད་སྤྱོད་ནན་པོ་བྱས་ཏེ། ཚད་ལས་བརྒལ་ནས་ཉེན་རྟོག་རླངས་འཁོར་བཀོད་སྒྲིག་བྱེད་མི་ཆོག་པ་དང་། ཛ་དྲག་གི་གཞུང་དོན་མིན་ཕྱིན་ཉེན་རྟོག་རླངས་འཁོར་སྤྱོད་མི་ཆོག་པ། ཉེན་རྟོག་རླངས་འཁོར་སྒེར་སྤྱོད་བྱ་རྒྱུ་གཏན་འགོག་བཅས་བྱེད་དགོས། གྱོད་གཞིར་བརྟེན་ནས་སྒེར་དོན་བསྒྲུབ་རྒྱུ་གཏན་འགོག་བྱས་ནས་གྱོད་གཞི་སྒྲུབ་གཉེར་ལ་ཁ་གཡར་ཏེ་དཔལ་འབྱོར་གྱི་འགལ་བར་ཐེ་ཇུས་བྱེད་མི་ཆོག་ལ་འབྲེལ་བའི་གྱོད་གཞི་དང་། ངོ་སོའི་གྱོད་གཞི། རྒྱུ་དངོས་ཀྱི་གྱོད་གཞི་བཅས་སྒྲུབ་མི་ཆོག ཁེ་ཕན་གདོང་ཐུག་སྔོན་འགོག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། མི་དམངས་ཞིབ་དཔྱོད་ཁང་ནས་ལས་བྲལ་བྱས་རྗེས་ཀྱི་ལོ་གཉིས་ནང་ཚུན་དུ་ཁྲིམས་རྩོད་པའི་མིང་ཐོག་ནས་གཏུག་བཤེར་གྱི་ལས་ཚབ་པའམ་ཡང་ན་དག་འབུད་པ་བྱེད་མི་ཆོག
      

    ཕྱོགས་བསྡུས་གསར་འགྱུར།