འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སང་ལོ་ནས་འགྲུལ་པས་དུས་གཏན་གནམ་གྲུ་ནར་འགྱངས་སམ་ཡང་ན་མི་གཏོང་བའི་རྒྱུ་
    རྐྱེན་ཤེས་རྟོགས་བྱ་རྒྱུའི་འདུན་ཞུ་ཕུལ་ཆོག

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་17ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན། གསར་འགོད་པར་ཉེ་ཆར། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱུང་བར། 《དུས་གཏན་གནམ་གྲུའི་རྒྱུན་གཏན་དོ་དམ་གཏན་འབེབས་》ལག་ལེན་བསྟར་ཏེ་དུས་གཏན་གནམ་གྲུ་ནར་འགྱངས་སམ་ཡང་ན་མི་གཏོང་བའི་རྒྱུ་རྐྱེན་གསལ་བཟོའི་ལམ་སྲོལ་འཛུགས་རྒྱུར་སྐུལ་མ་བཏང་སྟེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་ཆེད། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས། བསམ་འཆར་རྒྱ་ཁྱབ་ཉན་པའི་རྨང་གཞིའི་ཐོག་《དུས་གཏན་གནམ་གྲུ་ནར་འགྱངས་སམ་ཡང་ན་མི་གཏོང་བའི་རྒྱུ་རྐྱེན་ཤེས་རྟོགས་ལས་དོན་གྱི་ལས་རིམ་》བཀྲམ་པས། སང་ལོའི་ཟླ་1ཚེས་1ཉིན་ནས་འགྲུལ་པས་དམངས་སྤྱོད་མཁའ་འགྲུལ་ཅུས་ལ་དུས་གཏན་གནམ་གྲུ་ནར་འགྱངས་སམ་ཡང་ན་མི་གཏོང་བའི་རྒྱུ་རྐྱེན་ཤེས་རྟོགས་བྱ་རྒྱུའི་འདུན་ཞུ་བྱེད་ཆོག་གི་ཡོད།
         ལས་རིམ་ལག་ལེན་བསྟར་རྗེས། འགྲུལ་པས་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུས་འཛད་སྤྱོད་པའི་ལས་དོན་ལྟེ་གནས་ཀྱི་དྲ་ཚིགས(www.caacca.org.cn)ནང་ཞུགས་ནས་རང་ཉིད་ཀྱིས་《དུས་གཏན་གནམ་གྲུ་ནར་འགྱངས་སམ་ཡང་ན་མི་གཏོང་བའི་རྒྱུ་རྐྱེན་ཤེས་རྟོགས་བྱ་རྒྱུའི་འདུན་ཞུའི་རེའུ་མིག་》བྲིས་ཏེ། དམངས་སྤྱོད་མཁའ་འགྲུལ་ཅུས་ལ་དུས་གཏན་གནམ་གྲུ་ནར་འགྱངས་སམ་ཡང་ན་མི་གཏོང་བའི་རྒྱུ་རྐྱེན་ཤེས་རྟོགས་བྱ་རྒྱུའི་འདུན་ཞུ་བྱེད་ཆོག བློ་འདྲིའི་ཁ་པར་ཨང་གྲངས་010 — 64287798ཡིན་པ་དང་། ཁ་པར་ནས་མི་ཐབས་ཀྱིས་ལན་འདེབས་པའི་ལས་ཀའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་8: 00 —12:00བར་དང་། ཕྱི་དྲོའི་ཆུ་ཚོད་1: 30—16:30བར་ཡིན་པ་རེད།
         དེ་དང་ཆབས་ཅིག་ལས་རིམ་ནང་། འགྲུལ་པས་དུས་གཏན་གནམ་གྲུ་ནར་འགྱངས་སམ་ཡང་ན་མི་གཏོང་བའི་རྒྱུ་རྐྱེན་ཤེས་རྟོགས་བྱ་རྒྱུའི་འདུན་ཞུ་བྱེད་པར་ཆ་རྐྱེན་དྲུག་འཛོམས་དགོས་པ་སྟེ། གཅིག་ནས་འགྲུལ་པ་རང་ངོས་སམ་ཡང་ན་དབང་ཆ་སྤྲད་པའི་མིས་དེ་ལྟའི་རེ་བ་འདོན་པར་དབང་ཆ་ཡོད་མཁན་གྱིས་ངེས་པར་འགྲུལ་པས་དབང་ཆ་སྤྲད་པའི་དཔང་ཡིག་འདོན་དགོས་པ་དང་། གཉིས་ནས་འགྲུལ་པའི་གཏན་འཁེལ་རྐུབ་སྟེགས་སམ་ཡང་ན་གནམ་གྲུ་སྡོད་པའི་དཔང་འཛིན་(གློག་རྡུལ་དཔང་འཛིན་ཚུད་པ་)འདོན་དགོས་པ། གསུམ་ནས་གཏན་ལ་འཁེལ་བའི་དུས་གཏན་གནམ་གྲུའི་ཨང་རྟགས་དང་། གནམ་གྲུ་ཐོན་པའི་དུས་ཚོད། ཐོན་ཡུལ་དང་འབྱོར་ས་བཅས་ཡོད་དགོས། བཞི་ནས་ཤེས་རྟོགས་བྱ་རྒྱུའི་འདུན་ཞུ་བྱེད་པའི་དུས་གཏན་གནམ་གྲུ་དེ་རྒྱལ་ནང་གི་འགྲུལ་པ་སྐྱེལ་འདྲེན་གྱི་དུས་གཏན་གནམ་གྲུ་དང་། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་གྱི་འགྲུལ་པ་སྐྱེལ་འདྲེན་དང་ཕྱི་རྒྱལ་གྱི་འགྲུལ་པ་སྐྱེལ་འདྲེན་དུས་གཏན་གནམ་གྲུ་རྡོག་ཐོན་བྱ་ཡུལ་ལམ་ཡང་ན་རང་རྒྱལ་ས་ཁོངས་(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཚུད་མེད་)ཀྱི་གནམ་ཐང་བརྒྱུད་ནས་བསྡད་པའི་དུས་གཏན་གནམ་གྲུ་ཡིན་དགོས། ལྔ་ནས་གོ་ཆོད་པའི་འབྲེལ་གཏུག་ས་གནས་མཁོ་འདོན་བྱེད་དགོས། དྲུག་ནས་འགྲུལ་པའི་སྤ་སེའི་ཐོག་ཕྱི་ཉིན་གནམ་གྲུ་སྡོད་པའི་དུས་ཚོད་ཀྱི་ཉིན་ནས་ལོ་གཅིག་ནང་ཚུན་ཡིན་དགོས་པ་བཅས་གཏན་འཁེལ་བྱས་ཡོད།
         དུས་གཏན་གནམ་གྲུ་ནར་འགྱངས་སམ་ཡང་ན་མི་གཏོང་བའི་རྒྱུ་རྐྱེན་ཤེས་རྟོགས་བྱ་རྒྱུའི་བདག་སྤྲོད་ལས་ཀ་དེ། དམངས་སྤྱོད་མཁའ་འགྲུལ་ཅུས་འཛད་སྤྱོད་པའི་ལས་དོན་ལྟེ་གནས་ཀྱིས་ལས་དོན་པ་བཀོད་སྒྲིག་བྱས་ནས་འགན་འཁུར་རྒྱུ་དང་། འདུན་ཞུའི་ཡི་གེ་འབྱོར་པ་ནས་ཉིན་གསུམ་ནང་ཞིབ་བཤེར་གཏན་འཁེལ་དང་ཐག་གཅོད་བྱ་རྒྱུ་རེད། ཞིབ་བཤེར་གཏན་འཁེལ་བྱས་རྗེས་གོང་གསལ་གྱི་ཆ་རྐྱེན་དྲུག་པོ་ཚང་རིགས་དམངས་སྤྱོད་མཁའ་འགྲུལ་ཅུས་འཁོར་སྐྱོད་ལྟ་ཞིབ་ཚོད་འཛིན་ལྟེ་གནས་ལ་ཐག་གཅོད་བྱ་རྒྱུར་་སྐྱེལ་རྒྱུ་དང་། འཁོར་སྐྱོད་ལྟ་ཞིབ་ཚོད་འཛིན་ལྟེ་གནས་ཀྱིས་ཉིན་ལྔའི་ནང་དྲ་ཐོག་ནས་བྲིས་པའི་ 《དུས་གཏན་གནམ་གྲུ་ནར་འགྱངས་སམ་ཡང་ན་མི་གཏོང་བའི་རྒྱུ་རྐྱེན་ཤེས་རྟོགས་བྱ་རྒྱུའི་འདུན་ཞུའི་རེའུ་མིག་》དོན་དང་མཐུན་མིན་གཏན་འཁེལ་བྱ་རྒྱུ་དང་། གཏན་འཁེལ་བྱུང་རྗེས་དམངས་སྤྱོད་མཁའ་འགྲུལ་ཅུས་འཛད་སྤྱོད་པའི་ལས་དོན་ལྟེ་གནས་ཀྱིས་ཉིན་གཉིས་ནང་འགྲུལ་པར་དྲ་ཚིགས་ནས་དེའི་འབྲས་བུ་ལྟ་དགོས་པའི་བརྡ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།