འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་སྟོངས་ལ་ཉེ་བའི་བདག་མེད་སྲོག་ཆགས་རྩ་ཆེན་དང་དེའི་
    བཟོས་རྫས་ཉོ་ཚོང་བྱེད་པའི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་17ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར། མཚོ་སྔོན་ནགས་ཚལ་སྤྱི་བདེ་སྡེ་ཚན་གྱིས་སྟོངས་ལ་ཉེ་བའི་བདག་མེད་སྲོག་ཆགས་རྩ་ཆེན་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་དེ་ཉེས་གསོག་དོགས་ཅན་4བཟུང་པ་དང་། གླ་རྩི་དང་། རྐྱང་གི་ཆུ་སྦུག གོང་མོ། གཙོད་མགོ་སོགས་དངོས་དཔང་གལ་ཆེན་ཡང་རྩད་ཆོད་ཡོད་པ་རེད།
       མཚོ་སྔོན་ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་བདེ་སྲུང་ཉིང་ལག་རུ་ཁག་གི་རུ་དཔོན་ལུའི་དབྱིས། འདི་ལོའི་ཟླ་དྲུག་པར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་གྲལ་བཤེར་བྱེད་སྐབས་མི་ཁ་ཤས་ཤིག་སྟོངས་ལ་ཉེ་བའི་བདག་མེད་སྲོག་ཆགས་རྩ་ཆེན་དང་དེས་བཟོས་རྫས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་གྱོད་གཞི་ཚབས་ཆེན་ཞིག་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་རྩད་ཆོད་པ་རེད། བརྟག་ཞིབ་དང་འདྲི་རྩད་སོགས་བྱས་པ་བརྒྱུད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཟླ་10ཚེས་27ཉིན་ཉེས་གསོག་དོགས་ཅན་གསུམ་བཟུང་པ་མ་ཟད། ད་དུང་ཁོང་ཚོ་སྡོད་ས་ནས་རྒྱལ་ཁབ་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཀྱི་བཟོས་རྫས་ཏེ་གླ་རྩིའི་དྲི་ཞིམ་སྤོས་ཁུག་3དང་། རྐྱང་གི་བུ་སྦུག་1 གཙོད་ཀྱི་མགོ་རུས་2སོགས་དང་། རྒྱལ་ཁབ་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་གོང་མོ་19དང་མེ་མདའ་གཅིག་བཅས་རྩད་ཆོད་པ་རེད།
        ཐོག་མའི་འདྲི་གཅོད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་གསུམ་པོས་འདི་ལོའི་ཟླ་5ཚེས་25ཉིན་ཉེས་གསོག་དོགས་ཅན་ལི་ཆེ་གེ་མོས་གོང་མོ་1དང་སྤྱང་ཀིའི་སོ་6ཁྲིམས་འགལ་ངང་ཉོས་པའི་ཉེས་གསོག་དོན་དངོས་ཐེར་འདོན་བྱས་པ་དང་། ཟླ་11ཚེས་14ཉིན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་ནས་ལི་ཆེ་གེ་མོ་བཟུང་པ་དང་། འདྲི་རྩད་བྱས་པ་བརྒྱུད། ལི་ཆེ་གེ་མོས་བདག་མེད་སྲོག་ཆགས་དང་དེས་བཟོས་རྫས་ཁྲིམས་འགལ་ངང་ཉོས་པའི་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས་པ་རེད།
        ཟླ་12ཚེས་2ཉིན། ཉེས་གསོག་དོགས་ཅན་མཱ་ཆེ་གེ་མོ་དང་མཱ་ག་གེ་མོ་གཉིས་ཀྱིས་སྟོངས་ལ་ཉེ་བའི་བདག་མེད་སྲོག་ཆགས་དང་དེས་བཟོས་རྫས་ཁྲིམས་འགལ་ངང་ཉོ་ཚོང་བྱས་རྐྱེན་གཏེར་ལེན་ཁ་མི་དམངས་ཞིབ་དཔྱོད་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་ཁྲིམས་ལྟར་བཟུང་པ་རེད། གཞན་ཡང་། ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་དང་ལི་ཆེ་གེ་མོ་གཉིས་ལ་ཁྲིམས་ལྟར་ཁག་ཁྱེར་བཀའ་སྒུག་གི་བཙན་འདོམས་བྱེད་ཐབས་སྤྱད་པ་དང་། མིག་སྔར། གྱོད་གཞི་དེར་གོམ་གང་མདུན་སྤོས་ཀྱིས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།