འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུན་གཏན་གྱི་ཚོང་ལས་མཉམ་ཉོ་ཆབ་སྲིད་ཅན་དུ་འགྱུར་བར་ངོ་རྒོལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཨ་རིའི་ཙུང་ཐུང་ཨའོ་པ་མས་ཀྲུང་གོའི་ཁེ་ལས་ཀྱིས་འཇར་མན་གྱི་གློག་འདྲེན་ཕྱེད་རྫས་ཁེ་ལས་ཨའེ་སི་ཆང་ཉོ་སྒྲུབ་བྱ་རྒྱུ་བཀག་འགོག་བྱས་པའི་གནད་དོན་ཐད་ཚེས་5ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་རྒྱུན་གཏན་གྱི་ཚོང་ལས་མཉམ་ཉོ་ཆབ་སྲིད་ཅན་དུ་འགྱུར་བ་དང་ཐ་ན་ཆབ་སྲིད་ཐད་ནས་ཐེ་ཇུས་བྱེད་པའི་བྱེད་ཐབས་གང་རུང་ལ་ཀྲུང་གོས་ངོ་རྒོལ་བྱ་རྒྱུ་དང་། རེ་བར་ཨ་རིས་ཀྲུང་གོའི་ཁེ་ལས་ལ་གཟུགས་མེད་གྲིབ་བཟོ་བྱེད་པའི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་ཞེས་བཤད་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། ཚེས་2ཉིན་ཨ་རིའི་ནོར་སྲིད་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་ཨའོ་པ་མས་སྲིད་འཛིན་གྱི་བཀའ་རྒྱའི་ཐོག་མིང་རྟགས་བཀོད་དེ་ཀྲུང་གོའི་ཕུའུ་ཅན་ཧོང་ཤིན་ཐེབས་རྩས་ཨའེ་སི་ཆང་དང་དེ་བཞིན་དེའི་ཨ་རིའི་ཡན་ལག་དང་ཉིང་ལག་སྒྲིག་གཞི་ཉོ་སྒྲུབ་བྱ་རྒྱུ་བཀག་འགོག་བྱས་ནས་ཉོ་ཚོང་དེས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་ཅེས་བཤད་ཡོད།
         ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཁེ་ལས་ཀྱིས་ཁྲོམ་རའི་རྩ་དོན་དང་རྒྱལ་སྤྱིའི་ཚད་གཞི་ལྟར་དང་ས་གནས་དེ་གའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བའི་རྨང་གཞིའི་ཐོག་ཕྱི་ཕྱོགས་ལ་མ་འཇོག་མཉམ་ལས་བྱ་རྒྱུར་སྐུལ་མ་གཏོང་གི་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་འཇར་མན་གྱི་གློག་འདྲེན་ཕྱེད་རྫས་ཀུང་སི་ཨའེ་སི་ཆང་ཉོ་རྩིས་བྱས་པ་དེ་ཁྲོམ་རའི་བྱ་སྤྱོད་ཁོ་ན་ཡིན། ཀྲུང་གོས་རྒྱུན་གཏན་གྱི་ཚོང་ལས་མཉམ་ཉོ་ཆབ་སྲིད་ཅན་དུ་འགྱུར་བ་དང་ཐ་ན་ཆབ་སྲིད་ཐད་ནས་ཐེ་ཇུས་བྱེད་པའི་བྱེད་ཐབས་གང་རུང་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ལན་བཏབ་པ་རེད།
         “ཨ་རིས་ཀྲུང་གོའི་ཁེ་ལས་ལ་གཟུགས་མེད་གྲིབ་བཟོ་བྱེད་པའི་བྱ་སྤྱོད་སྤེལ་མཚམས་བཞག་ནས་ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་བྱེད་པར་དྲང་གཞག་གི་ཁོར་ཡུག་དང་སྟབས་བདེའི་ཆ་རྐྱེན་སྐྲུན་རྒྱུའི་རེ་བ་ཡོད་ལ། དེ་ནི་ཕྱོགས་ཁག་གི་ཐུན་མོང་ཁེ་ཕན་དང་ཡང་མཐུན་ཡོད”ཅེས་ལུའུ་ཁང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།