འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོར་དམངས་སྤྱོད་ཐད་འཕུར་གནམ་གྲུའི་ལས་གཉེར་ཐོག་མར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་17ཉིན། 12:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་གཞུང་ཕྱོགས་དྲ་རྒྱ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོའི་ས་མཐོར་དམངས་སྤྱོད་ཐད་འཕུར་གནམ་གྲུའི་ལས་གཉེར་ཐོག་མར་བྱས་ནས། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པས། ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཚོགས་པ་དང་མཉམ་དུ་མ་རྩ་བཏང་སྟེ། འདི་ལོའི་ལོ་མཇུག་ཏུ་བོད་ལྗོངས་གངས་ལྗོངས་སྤྱི་སྤྱོད་མཁའ་འགྲུལ་ཚད་ཡོད་ཀུང་སི་འཛུགས་རྒྱུར་ཐོ་འགོད་མ་རྩ་མི་དམངས་ཤོག་སྒོར་ཁྲི་5000ནས་དུང་ཕྱུར་གཅིག་བར་བཏང་ནས་བོད་ལ་དམངས་སྤྱོད་ཐད་འཕུར་གནམ་གྲུའི་ལས་གཉེར་ཐོག་མར་བྱ་རྒྱུ་ཡིན་ཞིང་། འདི་ཟླའི་ཟླ་འགོར་ཁེ་ལས་གཉིས་ཀྱིས་ཀྲུའུ་ཧའེ་མཁའ་འགྲུལ་འགྲེམས་སྟོན་ཐོག་《བོད་ཀྱི་གངས་ལྗོངས་སྤྱི་སྤྱོད་མཁའ་འགྲུལ་ཚད་ཡོད་ཀུང་སི་འཛུགས་རྒྱུའི་སྐོར་གྱི་མཉམ་ལས་གྲོས་མཐུན་》དང་། 《རང་རྒྱལ་གྱིས་བཟོས་པའི་དམངས་སྤྱོད་ཐད་འཕུར་གནམ་གྲུ་ཉོ་སྒྲུབ་འདོད་མཐུན་ཡི་གེ་》བཞག་ནས། སྤྱི་སྤྱོད་མཁའ་འགྲུལ་ཞབས་ཞུའི་ལས་སྟེགས་བསྐྲུན་ཏེ། རང་རྒྱལ་གྱིས་བཟོས་པའི་དམངས་སྤྱོད་ཐད་འཕུར་གནམ་གྲུ་བོད་ལ་འཕུར་སྐྱོད་ལས་གཉེར་གྱི་འགོ་ཡག་པོ་འཛུགས་རྒྱུར་མིང་རྟགས་བཀོད་པ་རེད།
         བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་ཀུང་སིའི་སྤྱི་འདོམས་ཐན་ཅིས་ཝུན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་ཀུང་སི་བཙུགས་རྗེས་དམངས་སྤྱོད་ཐད་འཕུར་གནམ་གྲུ་དང་ཐོག་ཉེན་སེལ་རོགས་སྐྱོབ་ལ་་སྤྱོད་རྒྱུ་ཡིན། “ས་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་120ཟིན་པའི་བོད་ལ་ཉེན་སེལ་རོགས་སྐྱོབ་བྱེད་པའི་དཀའ་ངལ་ཆེ་ཤོས་ནི་འགྲིམ་འགྲུལ་སྟབས་བདེ་མེད་པ་དེ་ཡིན། ད་ཆ་གཞུང་ལམ་མེད་པའི་ས་ཁུལ་དག་ལ་དམངས་སྤྱོད་ཐད་འཕུར་གནམ་གྲུ་བཏང་ནས་ནུས་པ་ཆེན་པོ་ཐོན་རྒྱུ་རེད”ཅེས་བཤད།
         ཐན་ཅིས་ཝུན་གྱིས། ཐད་འཕུར་གནམ་གྲུས་གཙོས་པའི་སྤྱི་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་བཏང་བ་དེས། སླེབས་དཀའ་བའི་ས་ཆ་ཁག་གཅིག་ལ་འབྱོར་ཐུབ་ནས་འགྲིམ་འགྲུལ་དྲ་བ་ཡན་ལག་སྒོས་ཟུར་ལམ་མང་པོ་ཞིབ་པར་འབྱེད་ཐུབ་རྒྱུ་ཡིན་པ་དེས་བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་གནས་སྟངས་སྔར་བས་འཐུས་སྒོ་ཚང་དུ་སོང་ནས་བྱ་གཞག་ཁག་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་རྒྱུ་རེད་ཅེས་བཤད།
         “རྩེར་སོན་ཡུལ་སྐོར་དང་། མཁའ་ཐོག་པར་ལེན་ཚད་ཞིབ་དེ་ཕྱིས་འབྱུང་སྤྱི་སྤྱོད་མཁའ་འགྲུལ་གྱི་ཉེར་སྤྱོད་ཁ་ཕྱོགས་གཙོ་བོ་ཞིག་ཏུ་འགྱུར་རྒྱུ་ཡིན་པས། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། དཔལ་འབྱོར་འཛུགས་སྐྱོང་། དམངས་འཚོའི་ཞབས་ཞུ། སྣོད་བཅུད་སྲུང་སྐྱོང་སོགས་ཁྱབ་ཁོངས་ནང་སྤྱོད་རྒྱུ་རེད”ཅེས་དང་། ཡང“ཀྲུང་གོར་འཛམ་གླིང་གི་ས་ཁྱོན་ཆེ་ཤོས་ཀྱི་མཐོ་སྒང་ཡོད་པས། ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཀྱིས་བཟོས་པའི་ས་མཐོར་དམིགས་པའི་ཐད་འཕུར་གནམ་གྲུས་ལས་རིགས་ཁྲོད་མདུན་གྲས་ཀྱི་གནས་བབ་བཟུང་བས། ད་རེས་ཉོ་སྒྲུབ་བྱས་པ་གཙོ་བོའང་གནམ་གྲུ་འདི་རིགས་ཡིན”ཞེས་ཐན་ཅིས་ཝུན་གྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།