འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱིའི་རྒྱལ་ཁབ་མང་པོ་ཞིག་ཏུ་སུན་ཀྲུང་ཧྲན་འཁྲུངས་ནས་ལོ་150འཁོར་བར་དྲན་གསོ་
    ཞུ་བའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་17ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན།  ཀྲི་ཅཱ་ཀོ་དང་། ལི་སི་པོན། ལི་གཡོད་རེ་ནེ་ལུའུ་བཅས་སུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ། ཉིན་ཤས་བསྟུད་མར། ཨ་རིའི་ཀྲི་ཅཱ་ཀོར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་། ཕོར་ཐིའུ་ཀལ་དང་པར་ཙིར་སོགས་རྒྱལ་ཁབ་ཀྱི་ཕྱིར་སྡོད་རང་མི་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཉམ་འབྲེལ་རྩ་འཛུགས་ཀྱིས་སྐུ་ཞབས་སུན་ཀྲུང་ཧྲན་འཁྲུངས་ནས་ལོ་150འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་ཏེ། མི་རིགས་རང་བཙན་དང་སྤྱི་ཚོགས་ཡར་རྒྱས་ཆེད་འབད་བརྩོན་བྱས་པའི་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྐུ་ཚེ་ཧྲིལ་པོར་རྗེས་དྲན་ཞུས་པ་དང་ཆབས་ཅིག་མི་རིགས་བསྐྱར་དར་བྱ་གཞག་ཆེད་བློ་བརྟན་འགྱུར་མེད་དང་སྤོབས་སེམས་ཞུམ་མེད་ཀྱི་ཁོང་གི་སྙིང་སྟོབས་་ལ་སློབ་སྦྱོང་ཡང་བྱས་པ་རེད།
         ཨ་རིའི་ཀྲི་ཅཱ་ཀོར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཚེས་12ཉིན་བཞུགས་མོལ་ཚོགས་འདུ་དང་པར་རིས་འགྲེམས་སྟོན་གྱི་དྲན་གསོའི་བྱེད་སྒོ་སྤེལ་བ་དང་། མི་རྣམས་1911ལོའི་ཟླ་5པར་སུན་ཀྲུང་ཧྲན་གྱིས་ཀྲེ་ཅཱ་ཀོ་རུ་ཕྱིར་སྡོད་རང་མིའི་གཙོ་འཛིན་དང་འདུ་འཛོམས་གནང་བའི་ལོ་རྒྱུས་ཀྱི་པར་རྙིང་མདུན་དུ་ལངས་ནས་ལྷོ་ཕྱོགས་མཚོ་འགྲམ་ས་ཁུལ་དང་གླིང་ཆེན་ཨ་མེ་རི་ཁ་བྱང་མ་སོགས་ས་ཁུལ་གྱི་ཕྱིར་སྡོད་རང་མིས་དམངས་གཙོའི་གསར་བརྗེར་རྒྱབ་སྐྱོར་བྱ་ཆེད་དངུལ་དང་དངོས་ཟོག་ཞལ་འདེབས་བརྒྱབ་པ་དང་ཐ་ན་སོ་སོའི་སྡོད་ཁང་བཙོང་ནས་མ་དངུལ་རོགས་སྐྱོར་བྱས་པའི་བྱ་སྤྱོད་རླབས་ཆེན་བསྐྱར་དྲན་བྱས་པ་དང་ཆབས་ཅིག་སུན་ཀྲུང་ཧྲན་གྱིས་ཕྱག་བྲིས་གནང་བའི“ཕྱིར་སྡོད་རང་མི་ནི་གསར་བརྗེའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན”ཞེས་པའི་གཞུང་བཀལ་སྦྱར་ཚིག་ལ་གོ་བ་སྔར་བས་གཏིང་ཟབ་ལེན་ནས་སེམས་འགུལ་ཐེབས་ཡོད་པ་རེད།
         ཕོར་ཐིའུ་ཀལ་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་སོགས་ཕྱིར་སྡོད་རང་མི་དང་། ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཉམ་འབྲེལ་རྩ་འཛུགས་ཀྱིས་ཚེས་12ཉིན་ཕོར་ཐིའུ་ཀལ་གྱི་རྒྱལ་ས་ལི་སི་པོན་དུ་དྲན་གསོའི་བྱེད་སྒོ་སྤེལ་བར། ཕོར་ཐིའུ་ཀལ་གྱི་ཕྱིར་སྡོད་རང་མི་དང་། ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཉམ་འབྲེལ་རྩ་འཛུགས་དང་ཀྲུང་གོའི་མ་འཇོག་སྒྲིག་གཞི་ཁག་གི་འཐུས་མི་དང་དེ་གར་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མའི་འཐུས་མི་དང་དེ་བཞིན་ཕོར་ཐིའུ་ཀལ་གྱི་མཛའ་གྲོགས་མི་སྣ་བཅས་ཁྱོན་མི་500ལྷག་གིས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྐུ་ཚེ་ཧྲིལ་པོའི་པར་རིས་འགྲེམས་སྟོན་ལ་བལྟས་ནས་ཁོང་གི་གསར་བརྗེའི་མི་ཚེའི་བརྒྱུད་རིམ་ཐུན་མོང་ཐོག་ཕྱིར་དྲན་བྱས་པ་རེད།
        ཕོར་ཐིའུ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཚའེ་རུང་གིས། མེས་རྒྱལ་ཉིད་ཡོངས་སུ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ཡིན་པས། “ང་ཚོས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་བཀའ་སློབ་ཡིད་ལ་བརྟན་པོར་བཅངས་ནས་མེས་རྒྱལ་ཞི་བའི་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོའི་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས”ཞེས་བཤད་པ་རེད།
        ཕོར་ཐིའུ་ཀལ་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་ཚའེ་ཝུན་ཤན་གྱིས། སྐུ་ཞབས་སུན་ཀྲུང་ཧྲན་ལ་དྲན་གསོ་ཞུ་དོན་ནི་ཁོང་གི་རྒྱལ་ཁབ་གཅིག་གྱུར་བྱེད་པའི་སྙིང་སྟོབས་རྒྱུན་འཛིན་བྱེད་ཆེད་ཡིན་ལ། མེས་རྒྱལ་ཁྱོན་ཡོངས་ནས་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་དང་བླ་ན་མེད་པའི་འགན་འཁྲི་ཡིན་པས། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ཚོས་མེས་རྒྱལ་གྱི་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པ་དང་། ངོགས་གཉིས་ཀྱི་ཞི་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མེས་རྒྱལ་ཞི་བའི་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་པའི་ཐད་སྔར་བས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བཤད་པ་རེད།
        པར་ཙིར་དུ་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཉམ་འབྲེལ་རྩ་འཛུགས་ཀྱིས་ཚེས་12ཉིན་སུན་ཀྲུང་ཧྲན་འཁྲུངས་ནས་ལོ་150འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ལི་གཡོད་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལི་དབྱང་དང་དེ་བཞིན་ཐའེ་དབན་གྱི་སྤུན་ཟླ་ཚུད་པའི་ཞིང་ཆེན་ཁག་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཉམ་འབྲེལ་རྩ་འཛུགས་ཀྱི་འགོ་ཁྲིད་བརྒྱ་ཙམ་ཞུགས་ཡོད་པ་རེད།
        ལི་དབྱང་གིས་གཏམ་བཤད་བྱེད་སྐབས་ཕྱིར་སྡོད་སྤུན་ཟླས་ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ཡར་རྒྱས་ཐད་བཏོན་པའི་ནུས་པ་གལ་ཆེན་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཁོང་གིས། ཕྱིར་སྡོད་སྤུན་ཟླས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་རྒྱལ་གཅེས་བསམ་བློ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་རྒྱུ་དང་། མེས་རྒྱལ་ཞི་བའི་གཅིག་གྱུར་ཡོང་རྒྱུ། ཀྲུང་ཧྭ་མི་རིགས་དང་རྒྱལ་ཁབ་ཁག་གི་མི་རིགས་ཞི་མཐུན་མཉམ་གནས་ཡོང་རྒྱུ་བཅས་ཆེད་འབད་བརྩོན་བྱེད་དགོས་ཞེས་འབོད་སྐུལ་བྱས་པ་རེད།
        པར་ཙིར་ལི་གཡོད་ཕྱི་ཁོངས་ཀྲུང་གོ་བའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆིའུ་ཧའེ་ཆིན་གྱིས་ཤིས་ཚིག་བརྗོད་སྐབས། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་ཕྱག་བྲིས་གནང་བའི“ཕྱིར་སྡོད་རང་མི་ནི་གསར་བརྗེའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན”ཞེས་པའི་གཞུང་བཀལ་སྦྱར་ཚིག་གིས་འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་རྒྱལ་གཅེས་འདུ་ཤེས་ལ་མུ་མཐུད་སྐུལ་འདེད་གཏོང་གི་ཡོད་པ་དང་། ད་ཆ་ཀྲུང་གོའི་འཕེལ་རྒྱས་ལ་འཛམ་གླིང་གིས་དོ་སྣང་བྱེད་དགོས་ཞིག་ཡོད་པས། ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པས་ངེས་པར་དུ་སྐུ་ཞབས་ཀྲུང་ཧྲན་གྱི་རྒྱལ་གཅེས་བསམ་བློ་དར་སྤེལ་བཏང་ནས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་གཟི་བརྗིད་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གྱིས་རྒྱལ་ཁབ་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེད་མུ་མཐུད་འབད་འཐབ་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།