འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚོགས་ཀྲུང་དབྱང་དང་སློབ་གསོ་པུའུ་ཡིས་མཉམ་འབྲེལ་ཐོག་ཇུས་གཞི་པར་འགྲེམས་
    བྱས་ནས་སློབ་འབྲིང་གི་གུང་གཞོན་སྡེ་ཚོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སྡེ་ཚོགས་ཀྲུང་དབྱང་དང་སློབ་གསོ་པུའུ་ཡིས་《སློབ་འབྲིང་གི་གུང་གཞོན་སྡེ་ཚོགས་སྒྱུར་བཅོས་ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་ནས་སློབ་འབྲིང་གི་གུང་གཞོན་སྡེ་ཚོགས་ཀྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པ་དང་། སློབ་གསོའི་སྡེ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚོགས་དང་སློབ་གསོའི་མཉམ་ལས་རྩ་འཛུགས་སྒྲིག་གཞི་འཚོལ་ཞིབ་བྱས་ཏེ་བཙུགས་ནས་ལོ་3ནས་5ནང་ཚུན་དུ་སློབ་འབྲིང་གི་སྡེ་ཚོགས་ཨུ་ཡོན་ལྷན་ཁང་དུ་ཧྲུའུ་ཅིའི་ལས་གནས་བཙུགས་ནས་སྔོན་ཐོན་རང་བཞིན་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་་སློབ་མའི་ཚོགས་མིའི་བསྡུར་ཚད་ཚོད་འཛིན་བྱེད་དགོས་ལུགས་བཏོན་ཡོད།
         ཇུས་གཞིའི་ནང་སློབ་འབྲིང་གི་གུང་གཞོན་སྡེ་ཚོགས་སྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་ཡུལ་གཙོ་བོ་བཅས་ཁ་གསལ་བཟོས་ཡོད་པ་དང་། སློབ་འབྲིང་གི་གུང་གཞོན་སྡེ་ཚོགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་དང་ཆེ་རུ་གཏོང་བ་དང་། ལྷག་པར་དུ་ཕྱོགས་ཡོངས་ནས་སྔོན་ཐོན་རང་བཞིན་མཐོ་རུ་གཏོང་རྒྱུ་དམིགས་ཚད་གལ་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སློབ་འབྲིང་གི་གུང་གཞོན་སྡེ་ཚོགས་ཀྱི་རྩ་འཛུགས་གསར་གཏོད་དང་ལས་དོན་གསར་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད།
         ཇུས་གཞིས་ཕྱོགས་ལྔ་དང་ཁྱབ་ཁོངས་བཅུ་དྲུག་ནས་སྒྱུར་བཅོས་བྱེད་ཐབས་བཏོན་ཡོད་པ་སྟེ།
         དང་པོ། རྩ་འཛུགས་ཀྱི་ལམ་ལུགས་དང་འཁོར་རྒྱུག་གི་ལམ་སྲོལ་སྒྱུར་བཅོས་དང་ལེགས་སྒྲིག་བྱེད་དགོས་ཤིང་། སྡེ་ཚོགས་དང་སློབ་གསོའི་མཉམ་ལས་ལ་སྒྱུར་བཅོས་དང་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་སྡེ་ཚོགས་ཨུ་ལྷན་དང་སློབ་གསོའི་གཙོ་གཉེར་སྡེ་ཚན་གྱིས་རྒྱུན་རྣམ་ཅན་གྱི་སྡེ་ཚོགས་དང་སློབ་གསོའི་འབྲེལ་གཏུག་མཐུན་སྦྱོར་གྱི་ལམ་སྲོལ་འཛུགས་དགོས་པ་དང་། ས་ཁུལ་དང་གྲོང་ཁྱེར་རིམ་པ་དང་རྫོང་རིམ་པའི་སྡེ་ཚོགས་ཨུ་ལྷན་དང་སློབ་གསོའི་སྡེ་ཚན་གྱིས་སློབ་གསོའི་སྡེ་ཚོགས་ལས་དོན་ཨུ་ལྷན་སོགས་སྡེ་ཚོགས་དང་སློབ་གསོའི་མཉམ་ལས་རྩ་འཛུགས་ཀྱི་སྒྲིག་གཞི་འཚོལ་ཞིབ་བྱས་ནས་འཛུགས་ཆོག སྡེ་ཚོགས་དང་སློབ་མའི་ཚོགས་པའི་རྩ་འཛུགས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཏང་གི་འགོ་ཁྲིད་འོག་གི“ལྟེ་གཅིག་རིམ་གཉིས”ཀྱི་སློབ་འབྲིང་གི་སྡེ་ཚོགས་དང་སློབ་མའི་ཚོགས་པའི་རྩ་འཛུགས་ཀྱི་བཀོད་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་གྱིས་སློབ་མའི་ཚོགས་པའི་རྩ་འཛུགས་དང་སློབ་མའི་ཚོགས་པའི་མཛུབ་ཁྲིད་དོ་དམ་ལེགས་སུ་གཏོང་དགོས་པ་དང་།
         གཉིས་པ། སྔོན་ཐོན་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སྡེ་ཚོགས་ཀྱི་ཚོགས་མི་འཕེལ་རྒྱས་གཏོང་བའི་ལམ་ལུགས་ནན་དུ་གཏོང་བ་དང་། ཇུས་གཞིའི་ནང་ལོ་3ཙམ་གྱི་དུས་ཚོད་སྤྱད་དེ་དམའ་འབྲིང་དང་མཐོ་འབྲིང་དུས་མཚམས་ཀྱི་སློབ་ཐོན་འཛིན་གྲྭའི་སྡེ་ཚོགས་རྩ་འཛུགས་དང་སློབ་མའི་ཚོགས་པའི་བསྡུར་ཚད་30%དང་60%ནང་ཚུན་དུ་སོ་སོར་ཚོད་འཛིན་བྱས་ནས་འཕེལ་རྒྱས་ཀྱི་ཚད་གཞི་ནན་དུ་གཏོང་བ་དང་། སྡེ་ཚོགས་ནང་ཞུགས་རྒྱུའི་གོ་རིམ་ཚད་ལྡན་དུ་བཏང་སྟེ་སློབ་མ་གུང་གཞོན་སྡེ་ཚོགས་ནང་ཞུགས་པའི་སྤུས་ཚད་མཐོ་རུ་གཏོང་དགོས་པ།
         གསུམ་པ། ལས་ཀའི་ནང་དོན་དང་བྱེད་ཐབས་སྒྱུར་བཅོས་དང་གསར་གཏོད་བྱེད་དགོས་ཤིང་། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་དང་རིན་ཐང་གི་ཁྲིད་སྟོན་གསར་གཏོད་བྱས་ནས“མི་ཚེའི་སྐོར་གླེང་བ”དང“འཇའ་ཚོན་ལྟར་མཛེས་པའི་མི་ཚེ”“ལོ་14ཡི་མཉམ་སྡེབ་སྐྱེས་སྐར་གཏོང་བ”“ལོ་18ཀྱི་དར་མའི་མཛད་སྒོ”སོགས་བྱེད་སྒོའི་ནང་དོན་གཏིང་ཟབ་ཏུ་བཏང་ནས་རིམ་པ་དབྱེ་བ་དང་རིགས་དབྱེའི་གཞི་གཅིག་ཅན་གྱི་བསམ་བློའི་སྣེ་ཁྲིད་ལས་ཀའི་མ་ལག་འཛུགས་རྒྱུ་དང་། སློབ་འབྲིང་སློབ་མའི་སྡེ་ཚོགས་སློབ་གྲྭ་འཛུགས་རྒྱུ་དང་སྡེ་ཚོགས་ཀྱི་སློབ་ཚན་གསར་གཏོད་བྱེད་དགོས་པ།
         བཞི་པ། སློབ་འབྲིང་གི་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པའི་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་འདེམས་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལོ་3དང་5ནང་ཚུན་དུ་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅིའི་ལས་གནས་ཆེད་མངགས་བཙུགས་ཐུབ་པ་བྱས་ཏེ། སློབ་གྲྭའི་འབྲིང་རིམ་ལས་སྣེ་རྒན་པའི་ལས་བྱེད་པ་བཀོད་སྒྲིག་དང་དོ་དམ་བྱེད་སྟངས་ལྟར་བྱེད་དགོས་པ་དང་། དགེ་རྒན་གྱི་ཐོབ་ཐང་ཡོད་པའི་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་ལས་བྱེད་པས་སློབ་ཚན་གཅིག་ལྕོགས་ཁྲིད་རྒྱུ་རྩ་དོན་ཐོག་ནས་སློབ་གྲྭའི་རིག་ཚན་གཅིག་པའི་དགེ་རྒན་གྱི་སློབ་ཁྲིད་དུས་ཚད་ཀྱི་ཕྱེད་ཀ་ལས་བརྒལ་མི་རུང་བ་དང་དགེ་རྒན་སྡེ་ཚོགས་ལས་བྱེད་པར་དཔྱད་ཞིབ་བྱ་རྒྱུ་དེ་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ནང་དོན་གཙོ་བོར་བརྩིས་ནས། དཔྱད་ཞིབ་གྲུབ་འབྲས་དང་ལས་ཀའི་གྲུབ་འབྲས་ལས་གནས་གདན་ཞུ་དང་གླ་ཆ་སྤྲོད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་དགོས་པ།
         ལྔ་པ། འབྲེལ་ཡོད་འགན་ལེན་ལམ་སྲོལ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། རིམ་ཁག་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་སློབ་འབྲིང་གུང་གཞོན་སྡེ་ཚོགས་འཛུགས་རྒྱུ་ཏང་འཛུགས་སྐྱོང་གི་ལས་ཀའི་གྲུབ་ཆ་གལ་ཆེན་དུ་བརྩིས་ཏེ། གུང་གཞོན་སྡེ་ཚོགས་འཛུགས་རྒྱུ་སློབ་གྲྭའི་ཏང་འཛུགས་སྐྱོང་གི་ལས་ཀའི་འཆར་འགོད་དང་ལོ་འཁོར་གྱི་དཔྱད་ཞིབ་ནང་དོན་དུ་འཇུག་རྒྱུར་སྐུལ་འདེད་བཏང་ནས། གུང་གཞོན་སྡེ་ཚོགས་འཛུགས་སྐྱོང་ལས་དོན་གྱི་བསྡུར་ཚད་བཟུང་ཚད་10%ཡན་ཟིན་དགོས་པ་དང་། སློབ་གྲྭ་ཁག་གིས་སློབ་གྲྭ་རིམ་པའི་འགོ་ཁྲིད་1གིས་གུང་གཞོན་སྡེ་ཚོགས་ལས་དོན་ལ་ལས་བགོས་འགན་གཉེར་བྱ་རྒྱུ་ཁ་གསལ་བཟོས་ནས། སློབ་གྲྭའི་ཏང་སྲིད་ཚན་ཁག་གིས་དུས་བཀག་ལྟར་གུང་གཞོན་སྡེ་ཚོགས་ལས་ཀའི་ཆེད་དོན་སྙན་ཞུ་ཉན་པའི་ལམ་ལུགས་འཛུགས་དགོས་པ་བཅས་རེད། 
      

    ཕྱོགས་བསྡུས་གསར་འགྱུར།