འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སས་སྐབས་དང་པོའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྤེལ་རྒྱུ་ཡིན་པ།  

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་28ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་རྣམས་ཀྱི་རིག་གནས་དང་ལུས་རྩལ་འཚོ་བ་ཕུན་སུམ་ཚོགས་པར་གཏོང་ཆེད་དང་། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་ལུས་སྦྱོང་བྱེད་སྒོ་སྤེལ་བར་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ཏེ་"ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་"སྤེལ་རྒྱུ་ཐག་བཅད་པ་རེད། ཐེངས་འདིའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ནི་"ངོ་མཚར་ཆེ་བའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས། སྙིང་སྟོབས་སྐྱེད་པའི་ལྷ་ས་"ཞེས་པ་བརྗོད་བྱ་བྱས་ཡོད་པ་དང་། ལྷ་ས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱ་རྒྱུ། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་དང་ལྷ་ས་གྲོང་ཁྱེར་དབང་སྐྱོན་མཉམ་ལས་ཚོགས་པ། ལྷ་ས་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་བཅས་ཀྱིས་བསྒྲུབ་འགན་འཁུར་རྒྱུ་ཡིན་པ་རེད། 
         ལྷ་ས་གྲོང་ཁྱེར་དབང་སྐྱོན་མཉམ་ལས་ཚོགས་པའི་གཞུང་དོན་ཁང་གི་ཀྲུའུ་རེན་ལུའོ་ཞུའེ་མེ་ཡིས་ང་ཚོས་སྐབས་དང་པོའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་འདི་དབང་པོ་སྐྱོན་ཅན་ཚོའི་ལུས་རྩལ་རྒྱས་འཛོམས་ཞིག་ཏུ་བཏང་ནས་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་བྱ་རྒྱུ་རེ་བ་བྱས་ཡོད་ཅེས་བཤད་པ་རེད། 
         དབང་སྐྱོན་ལུས་རྩལ་འགྲན་ཚོགས་ནི་འགྲན་ཞུགས་མི་སྣའི་གནས་ཚུལ་ལ་གཞིགས་ནས་འགྲན་ཞུགས་རྣམ་གྲངས་འདྲ་མིན་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། ལུའོ་ཞུའེ་མེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འགྲན་བསྡུར་གྱི་རྣམ་གྲངས་ལ་མཆོང་རྒྱུག་འཕེན་གསུམ་དང་དགོད་བྲོ་བ། མི་རིགས་བཅས་རྣམ་གྲངས་རིགས་གསུམ་བཀོད་སྒྲིག་བྱས་ཡོད་ལ་ཁྱོན་བསྡོམས་རྣམ་གྲངས་17ཡོད་པ་རེད། དེའི་ཁྲོད་མཆོང་རྒྱུག་འཕེན་གསུམ་རིགས་ཀྱི་རྣམ་གྲངས་7ཏེ།  སྨི་50་དང་སྨི་100། སྨི་400། སྨི་800། སྨི་1500། སྨི་4×100བཅས་ཀྱི་འགྲན་རྒྱུག་དང་རྐང་གཤིབ་རྒྱང་མཆོང་སོགས་འདུས་ཡོད། འགྲན་བསྡུར་ནི་ན་གཞོན་ཚོགས་པ་དང་དར་མའི་ཚོགས་པ་གཉིས་སུ་བགོས་ཡོད་པ་དང་། རེ་རེ་བཞིན་དུ་ཡང་སྐྱེས་པའི་ཚོགས་པ་དང་བུད་མེད་ཚོགས་པ་གཉིས་བཀོད་སྒྲིག་བྱས་ཡོད་པ་རེད།  དགོད་བྲོའི་འགྲན་བསྡུར་གྱི་རྣམ་གྲངས་7ཏེ། ལོང་བ་འགྲན་ཞུགས་པ་རྣམས་སྨི་20དང་སྨི་50ཡིས་གཏན་ཁེལ་བྱས་པའི་གནས་སུ་འགྲོ་བ། ས་ངོས་སུ་སྤོ་ལོ་འགྲིལ་བའི་འགྲན་བསྡུར། རྐུབ་སྟེགས་འཁོར་ལོའི་ཐོག་ནས་སྤོ་ལོ་འཕེན་པ། རྐུབ་སྟེགས་འཁོར་ལོའི་མྱུར་ཚད་སྨི50དང་སྨི་100ཡི་འགྲན་རྒྱུག ཐག་མཆོང་འགྲན་བསྡུར་གྱི་རྣམ་གྲངས་ལ་སྐྱེས་པའི་ཚོགས་པ་དང་བུད་མེད་ཀྱི་ཚོགས་པ་གཉིས་བགར་ཡོད་པ་རེད། མི་རིགས་ལུས་རྩལ་རིགས་ལ་བསྡོམས་པས་རྣམ་གྲངས་3ཡོད་དེ། བོད་ལུགས་ཀྱི་ཁེ་ལ་ཆུའུ་སྤོ་ལོ་དང་མི་གཉིས་ཀྱི་སྐེ་འཐེན་འགྲན་སྡུར་འདུས་ཤིང་རྣམ་གྲངས་འདི་ནི་གཙོ་བོ་སྐྱེས་པའི་འགྲན་ཞུགས་པར་བཀོད་སྒྲིག་བྱས་པ་རེད། གཞན་ད་རུང་སྐྱེས་པ་དང་བུད་མེད་བསྲེས་མའི་ཐག་འཐེན་འགྲན་སྡུར་ཡང་བཀོད་སྒྲིག་བྱས་ཡོད་ལ་ཐག་འཐེན་འགྲན་སྡུར་ནི་ཚོགས་པའི་འགྲན་བསྡུར་གྱི་རྣམ་གྲངས་ཡིན་པ་རེད། 
         མིག་སྔར། དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་མིང་ཐོ་འགོད་འགོ་བརྩམས་ཡོད་པ་དང་། ཟླ11པའི་ཚེས་5ཉིན་མིང་ཐོ་འགོད་མཚམས་འཇོག་རྒྱུ་ཡིན་པ་རེད། འགྲན་བསྡུར་མ་བྱས་གོང་དུ། སྒྲིག་འཛུགས་ཨུ་ལྷན་གྱིས་ཟླ་11པའི་ཚེས་14ཉིན་ནས་ཚེས་24ཉིན་བར་དུ་འགྲན་ཞུགས་ལུས་རྩལ་པ་ཚོ་རྩ་འཛུགས་བྱས་ཏེ་འགྲན་བསྡུར་གོང་གི་སྦྱོང་བརྡ་བྱ་རྒྱུ་ཡིན་པ་རེད།  ཚེས་25ཉིན་ནས་ཚེས་27ཉིན་གྱི་བར། ལུས་རྩལ་པས་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་ཛ་དྲག་གི་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད། སྐབས་དེར། ལྷ་ས་གྲོང་ཁྱེར་དུ་འཐུས་ཚབ་རུ་ཁག་10འགྲན་བསྡུར་ཁྲོད་ཞུགས་རྒྱུ་ཡིན་ལ། དེ་ཚོ་ནི་ཆུས་གཉིས་དང་རྫོང་དྲུག་གི་འཐུས་ཚབ་རུ་ཁག གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་འཐུས་ཚབ་རུ་ཁག དེ་བཞིན་དུ་གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ཀྱི་འཐུས་ཚབ་རུ་ཁག་བཅས་ཡིན་པ་རེད། འཐུས་ཚབ་རུ་ཁག་སོ་སོས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པ་30ཡན་ལུས་རྩལ་འགྲན་ཚོགས་སུ་ཞུགས་རྒྱུ་གྲ་སྒྲིག་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།